[A:༣༥༥]འབུལ། དེ་ནས་གདན་སའི་ཕུར་སྒྲུབ་ལ་ཕེབས། རྩེ་གདོང་ནས་བདག་ཆེན་སྐུ་འབྲིང་གདན་སར་ཕེབས་པའི་ཞབས་འབྲིང་ཐུབ་བསྟན་མཁན་ཆེན་ངག་དབང་བསྟན་པའི་ཞབས་རྡོ་རྗེ་བཅས་འབྱོར། ཁོང་དཔོན་སློབ་རྣམས་ལ་རྡོ་རྗེ་ཕུར་པའི་དབང་ནག་པོ་རིམ་བཞིའི་ཁྲིད་སོགས་བཞེད་ཆོས་མང་པོ་གནང་།
དགུང་གྲངས་སོ་ལྔ་པ་ལྕགས་ལུག་ལོར་སྐུ་ཁྲག་རྒྱས་པ་ལ། ཚལ་གཏར་འགྱངས་པའི་རྣམ་པས་སྙུན་གཞི་ཤིན་ཏུ་ཐུ་བ་ཞིག་བྱུང་བར་སྐུ་རིམ་ཞབས་བརྟན་དུ་ཆོས་སྡེ་ལྷོ་བྱང་གིས་གཙོས་པའི་དགོན་གནས་རིས་མེད་དུ་མང་འགྱེད་རྒྱ་དཔང་ཤིན་ཏུ་ཆེ་བས་ཕྱི་ནང་གི་ཕྱག་རྫས་སྤོང་དག་ལྟ་བུ་གནང་བའི་འབྲས་བུས། ཚལ་གཏར་སོགས་ཀྱང་རིམ་འཕྲོད་ཀྱི་སྐབས་མནལ་ལམ་ཞིག་ཏུ་འཇམ་དབྱངས་གཟི་འོད་འབར་བ་རྒྱུན་གྱི་གསེར་ཟངས་ཀྱི་མདོག་འདི་མ་ཡིན་པའི་གུར་གུམ་གྱིས་བྱུགས་པ་ལྟ་བུའི་གསེར་མདངས་ཤིག་གཟིགས་པ་དེས་རྗེ་ཉིད་ལ་མཆོག་ཏུ་བརྩེ་བའི་ཉམས་ཀྱིས་སྐུ་ལ་འཁྱུད་པ་མཛད་བྱུང་བར་རྗེ་ཉིད་ཀྱིས་ཀྱང་དད་པའི་སྒོ་ནས་ཕར་སྐུ་ལ་འཆང་ནས་གསོལ་འདེབས་མང་དུ་མཛད་པ་ཞིག་བྱུང་བ་ནས་སྐུ་ཁམས་ཀྱང་དྭངས་སྐྱེད་ཆེ་བར་བྱུང་། སྐབས་དེའི་དགའ་སྟོན་དང་སླད་ཀྱི་སྐུ་རྐྱེན་སེལ་ཕྱིར་སྐྱ་སེར་ཁྲི་ཕྲག་ལོངས་པར་སྦྱིན་གཏོང་བླ་ན་མེད་པར་མཛད། དེ་ནས་སྔོན་རྗེ་བཙུན་ཀུན་དགའ་