[A:༣༥༦]གྲོལ་མཆོག་གི་ཐུགས་དམ་མ། གཙོ་བསྡུས་བྲིས་ཐང་རྣམས་གཟིགས་པའི་རྐྱེན་བྱས་ཏེ་འདི་གོང་དགུང་ལོ་སོ་གསུམ་ལོ་གཞུག་ཙམ་ནས་དབུ་བཙུགས་ཏེ་གཙོ་བསྡུས་ཞལ་ཐང་སུམ་ཅུ་རྩ་ལྔ་གཟབ་བཀོད་སྒྲུབ་པར་མཛད་པ།
དགུང་གྲངས་སོ་བདུན་ཐོག་གྲུབ་པར་རབ་གནས་སྨིན་རྒྱས་གནང་སྐབས་ངོ་མཚར་བའི་ལྟས་དུ་མ་བྱུང་།
དགུང་ལོ་སོ་བརྒྱད་ཤིང་ཁྱི་ལོར་དཔལ་རབ་ནས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་སྤྱན་དྲངས་དེ་དང་སྟབས་གཅིག་སྤྱན་སྔ་རིན་པོ་ཆེ་ཡང་ཕེབས། རྗེ་ཉིད་ནས་གྲུབ་དབང་དེ་ཉིད་ཀྱིས་གསང་ཡུམ་ནམ་མཁའ་སྒྲོལ་མ་དང། རྣམ་རབ་ནས་ཆོས་རྗེའི་དྲུང་ལྕམ་སྲིང་གཉིས་སོགས་གཞིས་བྱེས་མང་པོར་གསུང་། ངག་རིན་པོ་ཆེ་བཀའ་དྲིན་སྩལ་རྗེས། སྤྱན་སྔ་རིན་པོ་ཆེ་ལས་སྔར་མ་གསན་པའི་རྙིང་མའི་ཟབ་ཆོས་འགའ་ཞིག་སོགས་ཆོས་ཚུལ་མང་དུ་གསན།
དགུང་ལོ་སོ་དགུ་པ། ཤིང་ཕག་ལོར་ཁམས་ཕྱོགས་ཀྱི་འབུལ་དཔོན་པ་སོགས་བླ་སློབ་གྲྭ་རིགས་མང་པོར་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ཡོངས་རྫོགས་སོགས་གནང།
དགུང་ལོ་བཞི་བཅུ་པ་མེ་བྱི་ལོར་བསམ་འགྲུབ་རྩེར་སྡེ་སྲིད་ཀྱི་སྐུ་རིམ་སེར་ཚོགས་ལོ་སྟར་ཡོད་པའི་འདི་ལོའི་ཚོགས་དབུར་རྗེ་