R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༨༡
[A:༣༨༡]ཏུ། ཡབ་རྗེ་རིན་པོ་ཆེའི་ཕྱག་ཏུ་སྲོག་ཆགས་སྡིག་པ་ཞིག་བསྣམས་འདུག་པ་དེ་དང་ལྷན་ཅིག་སྡོམ་ཁ་བརྒྱད་སོགས་སྲོག་ཆགས་མ་རུང་བ་དུ་མ་ཞིག་མེ་ལ་བཏབ་སོང་བ་དང་སྔོག་དུད་ཀྱིས་ལུང་པ་ཁེངས་ཤིང་། མེ་དེ་ཚོམ་བར་གྱི་མགོན་ཁང་དུ་སྐྱོལ་ཅིག་གསུང་བ་ཞིག་བྱུང་བ། སྔ་ཕྱིའི་མནལ་ལམ་གྱི་འབྲས་བུ། ལྷོ་བོད་བདེ་ཐབས་དགེ་འབྲུག་འཆིང་འདོམས་བསྒྲུབ་དགོངས་པ་ལ་ལོག་སྒྲུབ་རྣམས་བླ་མ་ལྷ་ཡིས་བསྒྲལ་བའི་རྟགས་མཚན་ངོ་མཚར་བའོ། ། དེ་མཚམས་སྤ་གྲོ་ནས་མཁན་རིན་པོ་ཆེ་སྐུ་ཁམས་མ་བདེ་བར་རྟེན་སྐུ་ཚབ་གདན་ས་ནས་ཆོས་ལས་པ་བསོད་ནམས་བཀྲ་ཤིས་ཡོང་དགོས་པའི་བཀའ་ཤོག་གནང་བ་བཞིན་ཞབས་དྲུང་དུ་འབྱོར་འཕྲལ་གསུངས་ལས། ངེད་ཀྱི་རྨི་ལམ་གྱི་དབང་དུ་སོང་ན། ལྷོ་བོད་ཀྱི་ཆིངས་འདུམ་ལེགས་པ་ཞིག་འོང་བ་ཡོད་ནའང་སྔར་ཕན་དགེ་འབྲུག་གཉིས་ཀ་ནས་ལབ་སྣེ་ལེན་པ་ཞིག་ནི་མ་བྱུང་། སྤ་གྲོ་ནས་མཁན་ཆེན་འདིར་འབྱོར་བ་དང་བསྟུན། ངེད་ཀྱང་ན་རིང་རྫོང་ཆུང་དགོན་པར་ལུས་ཀྱི་འཚོ་སྐྱོང་དང་། བྲེལ་བ་འགའ་ཞིག་གཅོད་པར་འགྲོ་དགོས་པ་འདུག་ཅིང་། སླར་སྐབས་བསྟུན་ལྷོ་ནང་རང་ལ་འགྲོ་དགོས་འདུག་པས། ད་རས་ནས་བཟུང་ལས་ཆེན་པ་རང་མགོ་མཇུག་ཚང་མར་འགྲོ་དགོས་པས་འཇགས་པར་གྱིས་ཞེས་སོགས་གསུང་ཤིན་ཏུ་བརླིང་བ་མང་པོ་བསྩལ། དེ་ནས་