[A:༣༨]འཛུགས་པ་དང། བདག་ཆེན་ཉིད་ལ་སོགས་པས་དཔལ་ས་སྐྱ་པའི་ཡབ་ཆོས་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་སྒྲུབ་མཆོད་དང། རྡོ་རྗེ་ཕུར་པ་དང་ཆོས་སྐྱོང་གུར་ཞལ་ལ་སོགས་པའི་མཆོད་གཏོར་གྱི་རྣལ་འབྱོར་གྱི་རྒྱུན་འཛུགས་པ་ལ་སོགས་པའི་ཞལ་བཀོད་དང་མཐུན་རྐྱེན་མཛད་ཅིང། འཇམ་པའི་དབྱངས་ཀྱི་གདུང་རབས་ཀྱི་ཕྲེང་བ་ཇི་སྙེད་པ་འབྱོན་པའི་གསོལ་གདབ་དང་རྟེན་འབྲེལ་མཛད་པ་ལ་བརྟེན་ནས། ཤིང་མོ་སྦྲུལ་གྱི་ལོ་ལ་དཔལ་ལྡན་ས་སྐྱ་པཎྜི་ཏ་གཉིས་པ་མཁྱེན་རབ་ཀྱི་དབང་ཕྱུག་དཔལ་ས་སྐྱ་ལོ་ཙཱ་བ་ཆེན་པོ་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་བྱོན། བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་ངོ་མཚར་བ་ནི། ངོ་མཚར་རིན་པོ་ཆེའི་བང་མཛོད་དུ་གསུངས་པ་བཞིན་ཡིན་ལགས།
དེའི་གཅུང་བདག་ཆེན་རིན་པོ་ཆེ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ནི་མེ་མོ་ལུག་གི་ལོ་ལ་འཁྲུངས། སྐུ་གཞོན་ནུ་ནས་ཐུགས་རྗེ་ཆེ་ཞིང་ཐུགས་རྒྱུད་དུལ་བ་ངོ་མཚར་བ་ཞིག་བྱོན་པ་དེས། ཡོངས་འཛིན་དམ་པ་དཀོན་མཆོག་འཕེལ། མཁན་ཆེན་བསོད་ནམས་ལྷུན་གྲུབ། མུས་ཆེན་སངས་རྒྱས་རིན་ཆེན། ཀོང་སྟོན་དབང་ཕྱུག་གྲུབ་པ། ཞྭ་ལུ་ལོ་ཆེན་རིན་པོ་ཆེ་ཆོས་སྐྱོང་བཟང་པོ། གཅེན་ས་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས་