R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༩
[A:༣༩]སོགས་མཁས་གྲུབ་དུ་མ་ལས་ཕར་ཚད་འདུལ་མངོན་དབུ་སྡོམ་རིག་གནས་དབང་ལུང་མན་ངག་སོགས་གསན་སྦྱོང་མཐར་ཕྱིན་པར་མཛད་དེ། དགུང་ལོ་ཉེར་གསུམ་བཞེས་པ་ས་མོ་སྦྲུལ་གྱི་ལོ་ལ་གདན་ས་ཆེན་པོ་དཔལ་རྩེ་གདོང་ཉིད་དུ་མཁན་པོ་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ལས་ཀྱི་སློབ་དཔོན་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཀོང་སྟོན་དབང་ཕྱུག་གྲུབ་པ་དཔལ་བཟང་པོས་མཛད་དེ། དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། བསྙེན་སྒྲུབ་མཐར་ཕྱིན་ཅིང་འགྲོ་དོན་རྒྱ་ཆེར་མཛད། ཁྱད་པར་ས་ལོ་ཆེན་པོ་ཞིང་གཞན་དུ་གཤེགས་རྗེས་དཔལ་ནཱ་ལེནྡྲར་ཀུན་མཁྱེན་རོང་སྟོན་ཆེན་པོའི་རྒྱལ་ཚབ་མཛད་དེ་བསྟན་པ་བསྐྱངས། དགུང་ལོ་བཞི་བཅུ་ཞེ་དགུ་པ་ཤིང་མོ་ལུག་གི་ལོ་ལ་དཔལ་ཐུབ་བསྟན་རྣམ་པར་རྒྱལ་བའི་ཆོས་ཀྱི་གྲྭ་ཆེན་པོར་མདོ་རྒྱུད་རྒྱ་མཚོ་ལྟ་བུའི་མངའ་བདག་མཁྱེན་རབ་གཞན་དང་མི་མཉམ་པའི་བློ་གྲོས་མངའ་བ་ཀུན་མཁྱེན་གོ་བོ་རབ་འབྱམས་པ་ཆེན་པོ་བསོད་ནམས་སེང་གེའི་གདན་སར་མངའ་གསོལ་ཏེ། སྡེ་སྣོད་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་འཆད་ཉན་རླབས་ཆེ་བ་མཛད། ནཱ་ལེནྡྲ་དང་ཐུབ་བསྟན་རྣམ་རྒྱལ་སོགས་སུ་གསུང་ངག་རིན་པོ་ཆེ་ཚར་དུ་མ་གནང་ཞིང། དཔལ་གསང་བ་འདུས་པ་འཕགས་