[A:༣༩༣]ནཱ་ག་རཀྴའི་ལི་སྐུ་ཁྱད་མཚར་ཞིག་དང་། ཙ་ཏུ་རྨུ་ཁ་ཟེར་ཞིང་ཞལ་གྱི་རྟེན་རྡོ་ངོ་མཚར་བ་རྟེན་རྫས་བཅས་ཕུལ་ལོ། །
དེ་ལྟར་སྐུ་ཚེ་འདི་ཉིད་ཀྱི་མཁས་དང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་བས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པའི་ཚུལ་དེ་དག་ཀྱང་འཁོར་ལོ་གསུམ་དུ་མདོར་བསྡུ་ན། ངེས་དོན་རྒྱལ་བ་ཐམས་ཅད་ཀྱི་ཡབ། དམ་པའི་ཆོས་ཐམས་ཅད་ཀྱི་དབང་ཕྱུག་འཕགས་མཆོག་འཇམ་པའི་དབྱངས་ཉིད་ལས་གཞན་དུ་མ་དམིགས་ཀྱང། སྟོན་པ་ཡང་དག་པའི་བསྟན་པའི་ཁྱད་པར་རྒྱུ་མེད་འབྲས་བུ་སྐྱེ་བའི་སྣང་ཚུལ་འགོག་པའི་ཕྱིར་དུ་བསླབ་སྦྱངས་གསན་བསམ་དཔག་ཏུ་མེད་པ་ཞིག་མཛད་པའི་ཚུལ་བསྟན་པའི་རིགས་ཀྱི་བདག་པོ་ནི་འཇམ་དབྱངས་བསོད་ནམས་དབང་པོ། ཡབ་རྗེ་གྲགས་པ་བློ་གྲོས། གྲུབ་མཆོག་མཐུ་སྟོབས་དབང་ཕྱུག སྐུ་འབྲིང་ཀུན་དགའ་དབང་རྒྱལ། མུས་ཆེན་འཁོར་ལོ་སྡོམས་པ། ཨེ་ཝཾ་ཐར་རྩེ་པ་ནམ་མཁའ་དཔལ་བཟང་། བདག་ཆེན་འཇམ་པའི་དབྱངས་བསོད་ནམས་ལྷུན་གྲུབ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། ནགས་དགོན་པ་སྦྱིན་པ་གྲགས་པ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། སྤྱན་སྔ་ཀུན་དགའ་དོན་གྲུབ་སྟེ་ཡོངས་སུ་འཛིན་པ་བཅུ་གཉིས། མཉེས་པ་གསུམ་གྱི་ཞབས་ཏོག་གི་སྒོ་ནས་མདོ་སྔགས་གསར་རྙིང་དམ་པའི་ཆོས་ཀྱི་རྒྱ་