R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༠
[A:༤༠]ལུགས་ཀྱི་རིམ་ལྔའི་ཁྲིད་དང་གཞུང་ཕྲན་རྣམས་ཀྱི་ལུང་ལ་སོགས་པ་ཡུན་རིང་པོའི་བར་དུ་མ་ཉམས་པར་བཞུགས་པ་ནི་རྗེ་བཙུན་འདིའི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། ། དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་མཐའ་ཡས་པ་མཛད་ནས་དགུང་ལོ་ལྔ་བཅུ་རྩ་བརྒྱད་པ་ཤིང་མོ་ཕག་གི་ལོ་ནག་པ་ཟླ་བའི་ཉེར་དགུ་ལ་ཞིང་གཞན་དུ་གཤེགས་སོ། ། དེའི་གཅུང་བདག་ཆེན་འཇམ་དཔལ་གྲགས་པ་དཔལ་བཟང་པོ་ནི་བླ་མ་དམ་པ་རྣམས་བསྟེན་ཅིང་རྡོ་རྗེ་ཐེག་པ་ལ་མཁས་པར་མཛད། ཁྱད་པར་ཐུགས་དམ་ལ་ཤིན་ཏུ་བརྩོན་པ་ཞིག་ཏེ། རྩེ་གདོང་གི་གཟིམ་ཆུང་ལྕང་ལོ་ཅན་གྱི་མགོན་ཁང་གི་ཐོག་ལ་དབུ་ལོ་བཅིངས་ཏེ་མཚན་མོ་ཐུགས་དམ་ལ་རྟག་འགྲུས་མཛད་པའི་ལྕགས་གཟེར་དེང་སང་གི་བར་དུའང་བཞུགས་ཤིང། མདོ་ཁམས་ཀྱི་ཡུལ་དུ་འགྲོ་བའི་དོན་མཛད་པ་སྟེ། བདག་ཆེན་ཨ་འཇམ་པ་ཞེས་གྲགས་སོ། ། གཅུང་སྐུ་གཞོན་པ་བདག་ཆེན་རིན་པོ་ཆེ་དབང་ནམ་མཁའ་འདོད་གྲུབ་སངས་རྒྱས་ཚེ་བརྟན་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ནི། སྐྱེས་ཐོབ་ཀྱི་མཁྱེན་རབ་ཕུལ་དུ་བྱུང་ཞིང་བླ་མ་དམ་པ་གཞན་དུ་མ་དང་ས་ལོ་སྐུ་མཆེད་བསྟེན་ཏེ་ཆོས་ཀྱི་སྒོ་དུ་མ་གསན་ཅིང་བསྙེན་སྒྲུབ་མཐར་ཕྱིན་ནས་ནག་པོ་ཆེན་པོ་ལ་སོགས་