[A:༤༠༥]བཅས་ལུས་ཟུངས་འདི་ཡང་ཞན་དུ་ཀ་འགྲོ་བ་ཞིག་འདུག་པས། ང་རང་བསྟན་པའི་བྱ་བ་ཡང་དེ་ཙམ་ཡིན་འདུག་ཅིང་། མ་གྲུབ་སྙམ་པའི་འགྱོད་པ་ཡང་ཆེར་མེད། ལོ་གཞོན་ནུ་ནས་ཆོས་ལ་དག་སྣང་ཆེ་བ་བྱས་པས་བླ་མ་རྣམས་ཀྱི་སྤྱན་འབྲས་ལྟ་བུར་དགོངས་པ་བྱུང་། ངེད་རང་གིས་ཀྱང་སོ་སོའི་བཀའ་བཞིན་བསྟན་པ་རིན་པོ་ཆེའི་འཛིན་སྐྱོང་སྤེལ་གསུམ་ལ་ངལ་བ་ལྷུར་ལེན་བགྱིས་པས་ད་བར་བསྟན་འགྲོ་ལ་ཡང་ཕན་པ་དགའ་རབ་བྱུང་ཞིང་། ལྷག་པར་ཆོས་རྒྱུན་དཀོན་པ་རྣམས་ཡང་སྤེལ་ཐུབ་ཅིང་། བསྔགས་འཆང་ཆེན་པོའི་བསྟན་པའི་རྒྱུན་འདི་ཡང་ཡར་ལྡན་ཁོ་ན་བྱུང་བས་བློ་བདེ། ད་ནི་བསྟན་པའི་བྱ་བ་མི་ཐུབ་པའི་ལུས་རྟེན་འདི་བརྗེས་ན་ལེགས་སོགས་ཞིང་ཁམས་གཞན་དུ་དགོངས་པ་གཏད་པའི་གསུང་ཁོ་ན་བྱུང་།
དེ་སྐོར་ཞབས་བརྟན་འབུལ་མི་ཤིན་ཏུ་མང་བས། བཞུགས་གདན་རྡོ་རྗེའི་རི་མོ་ཅན་ཁོ་ནའང་བརྒྱ་ཕྲག་ཉེ་བར་བྱུང་ཞིང་། སྐབས་ཤིག་ལྷ་ཁང་ཆེན་མོའི་དགེ་འདུན་བྱིངས་གླིང་མཚན་མཐུན་སྡེབས་དང་། སྤྱིར་ལས་འཛིན་སྒེར་བཅས་ཀྱིས་ཞབས་བརྟན་ཕུལ་བས། གྲྭ་པ་འདི་རྣམས་ཀྱིས་སྔ་ཕྱིར་ངེད་བསམ་པ་བྱས། ད་ལམ་ཡང་དོ་གལ་ཆེན་པོ་བྱས་བྱུང་ཡང་། ངེད་ལ་ཕན་པ་ཆེར་མེད་རུང་ཁོ་རང་ཚོར་བླ་མ་གོང་མའི་བྱིན་རླབས་འཇུག་ཅེས་སོགས་