R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༡༦
[A:༤༡༦]ཉིད་ཀྱི་རྣམ་ཐར་ཐོར་ལོང་ནི། ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱིས་སྡེ་པ་ལྷུན་རྩེ་བའི་རུས་བརྒྱུད་ཚ་ཤོོད་མཐོང་སྨོན་པའི་རིགས་སྐྱེས་བཀྲ་ཤིས་དཔལ་གྱིས་བུ་བསྐྱེད་ཅེས་པ་ཁབ་ཏུ་བཞེས་པར་གདུང་གཅིག་ཕེབས་པ་སྐུ་ཕྲ་མོ་ནས་གཤེགས། ཕྱིས་སུ་འབྲོའི་སྔགས་འཆང་འཇིགས་བྲལ་ཞེས་བརྟུལ་བཞུགས་གྲུབ་པ་དེའི་སྲས་མོ་མ་གཅིག་ཨོ་རྒྱན་སྐྱབས་མ་བཞེས་པར་ཡབ་རྗེ་རིན་པོ་ཆེ་དགུང་གྲངས་ཞེ་གཅིག་བཞེས་ཐོག་རྗེ་འདི་ཉིད་རྒྱལ་ཡུམ་དེ་ཉིད་ཀྱི་ལྷུམས་སུ་ཞུགས་པ་ནས་ཡུམ་ཉིད་ཀྱང་དུས་རྒྱུན་ཆོས་སྐྱོང་རྣམས་དང་འབྲལ་མེད་ཡོད་སྙམ་པའི་འཇིགས་སྣང་དང་སྤྲོ་སིང་ངེ་བ་བག་དྲོ་བ་རྒྱུན་ཆགས་སུ་བྱུང་ཞིང་། ཡབ་རྗེའི་མནལ་ལམ་དུའང་། དར་འཕྱར། དུང་འབུད། རོལ་མོ་འཁྲོལ་བ་སོགས་དགེ་མཚན་དུ་མ་དང་། འགྲོ་མགོན་སྔགས་འཆང་ཉིད་ཀྱང་སྐུ་སྲུང་ལ་རྒྱུན་གནས་ཀྱི་སྐབས་མནལ་ལམ་ཞིག་ཏུ་མི་རས་གོས་དཀར་པོ་ཅན་རཀྵའི་ཕྲེང་བ་ཐོགས་པ་ཞིག་ཐལ་གྱིས་བྱུང་ནས། ས་སྐྱ་པར་གདུང་འབྱོན་པར་ཡོད་དོ། །འགྲོ་མགོན་ནི་ལྷག་པས་ཁྱེར་སོང་ངོ་ཞེས་པ་ཞིག་བྱུང་བ་དང་། རྟགས་མཐོང་མཁན་གཞན་ལ་ཡང་གདན་སའི་ཐད་ཀྱི་ནམ་མཁར་ཆོས་དུང་ཞིག་ཡང་ཡང་འཁོར་བ་མཐོང་བ་སོགས་ངོ་མཚར་བའི་ལྟས་དུ་མ་རྒྱུན་ཆགས་བྱུང་བ་བཞིན་དུ་ཡབ་རྗེ་རིན་པོ་ཆེ་དགུང་གྲངས་ཞེ་གཉིས་པ་འབྲུ་