[A:༤༡༧]མང་ཞེས་པ་ས་སྟག་ཧོར་ཟླ་བརྒྱད་པའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་རེས་གཟའ་སྦྱིན་བྱེད་བླ་མ་དང་རྒྱུ་སྐར་དཀར་པོ་ནམ་གྲུའི་འགྱུབ་སྦྱོར་ཕུན་སུམ་ཚོགས་པར་བཞི་ཐོག་བླ་བྲང་དུ་གཟུགས་སྐུའི་ཉི་མ་མངོན་དུ་ཤར་ཞིང་། འཁྲུངས་མ་ཐག་ནས་མཛེས་སྐུའི་ཆས་ཤས་ཡོངས་སུ་རྫོགས་པ་དང་། སྐྱེ་མཆེད་གསལ་བ་སོགས་མི་ལས་འདས་པའི་མཚན་ཤིན་ཏུ་གསལ་བར། ཡབ་རྗེ་ཉིད་དང་མཁན་ཆེན་ངག་དབང་ཆོས་གྲགས་ལྷན་ཅིག་པས་ཚེ་དབང་རྗེས་གནང་བཀའ་བསྒོ་སོགས་ཟླ་ཤས་བར་ཉིན་རར་བཞིན་མཛད། སྲུང་མའི་དབང་པོ་རྣམས་ལ་གཏང་རག་དང་། ཆོས་སྡེ་ལྷོ་བྱང་ལ་མང་ཇ་འཛུགས་པར་མཛད་པ་ཚེས་བརྒྱད་འཁྲུངས་ཇར་གྲགས་པ་ད་ལྟའི་བར་རྒྱུན་མ་ཆད་པ་སོགས་དགའ་སྟོན་རྒྱས་པར་གནང་། སྐུ་ཅོག་ལ་བཞུགས་ནུས་ཙམ་ནས་ཞལ་གྱི་རྩ་སྔགས་རིང་ཐུང་གསུང་ཉམས་མཛད་པ་དང་། གསུང་མཁྱེན་ནས་བཛྲ་གུ་རུ། ཀཱི་ལ་ཡ། མགོན་པོའི་ཡི་གེ་བདུན་མ་སོགས་ཐོགས་མེད་གྲོལ་དུ་གསུངས།
དགུང་ལོ་བཞི་པ་ནས་འབྲི་ཀློག་ཆོས་སྤྱོད་སོགས་འབུལ་ཚུལ་ཞུས་པ་ཐོགས་མེད་དུ་མཁྱེན། སྐབས་ཤིག་སྐུ་གཅིག་རྐྱང་ཚོམ་དམར་ན་བཞུགས་སྐབས་ཤིག་ཏུ་སྐུ་རྩེད་གསུང་གླེང་མང་དུ་གནང་བར་ཞབས་ཕྱི་བ་སླེབས་སྟེ་གསུང་ཟླ་སུ་ཡོད་ཞུས་པས་བཞུགས་ཁྲི་པདྨ་ཅན་གྱི་གཡས་ཕྱོགས་སུ་ཕྱག་འཛུབ་ཀེར་ཏེ་པུ་ཏྲ་པུ་ཏྲ་