[A:༤༢༩]བསྐུར་བ་གནང་ནས་གཞུགས་ཆོག་གྲུབ་རྗེས་སང་དཀྱིལ་འཁོར་གང་གནང་རྒྱུའི་སྟན་གོན་གྱི་ཆོ་ག་སྐྱབས་འགྲོ་ནས་བཀྲ་ཤིས་བར་མཛད་རྗེས། སང་དངོས་གཞི་གང་གནང་རྒྱུའི་བཀའ་སྒྲུབ་ཀྱི་གྲབས་ཡུལ་མཛད་ནས་ཐུགས་དམ་ཆག་མེད་རྣམས་ཀྱིས་རིམ་པ་ལ་འཇུག་པར་མཛད་དེ་ཅུང་ཟད་མནལ་བ་ཙམ་མཛད། དེ་ནས་སྔ་དྲོའི་ཐུགས་དམ་ཟབ་བཞེས་རྣམས་གནང་གྲུབ་རྗེས་སྐུ་བཞེངས་ནས་དངོས་གཞིའི་བཀའ་སྒྲུབ་གནང་སྟེ་བསྐུར་བ་སོགས་ཀྱིས་སྒོ་ནས་ཞག་བཅུ་གསུམ་ལ་ངན་སོང་སྦྱོངས་རྒྱུད་ནས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བསྐུར་རྫོགས་པར་མཛད། ཡང་ལོ་དེའི་ཕུར་སྒྲུབ་གྲོལ་རྗེས་རིགས་སྲས་འཇམ་པའི་དབྱངས་ཀྱིས་གཙོས་གོང་མཚུངས་ལ་ཞག་བཅུ་གསུམ་རིང་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བསྐུར་སྨིན་རྒྱས་གནང་། བདེ་ཆེན་གླིང་གི་ལྕགས་རི། གྲ་ཤག་སོགས་ཉམས་གསོའི་ཞལ་བཀོད་མཛད། ཟླ་བ་བཅུ་གཅིག་པར་ལྕམ་སྲིང་མོ་ཀུན་དགའ་ཆོས་ཀྱི་ཉི་མ་དག་ཞིང་གཤེགས་པར་དགོངས་རྫོགས་ཕྱི་ནང་གི་རྟེན་དུས་དྲན་བཅས་རྒྱ་ཆེར་གནང་།
དགུངས་གྲངས་སོ་གསུམ་པར་ཡར་ལུང་གནས་གསར་དབོན་རིན་པོ་ཆེ། རྗེ་བཙུན་མ་བཀའ་འགྱུར་མ་བཅས་བཀའ་ཆོས་ཞུ་བར་འབུལ་བ་རྒྱ་ཆེན་ལྷ་ཁང་སྤྱི་སྒེར་ལ་གནམ་རྒྱན་ཀ་འཕན་