[A:༤༢]བཞུགས་པའི་དགེ་འདུན་རྣམས་ཀྱིས་ཀྱང་དཀྱིལ་འཁོར་དུ་མའི་སྒྲུབ་མཆོད་དང་བསྙེན་སྒྲུབ་ལ་བརྩོན་པའི་སྒྲིགས་རིམ་དང་དུས་མཆོད་ཀྱི་གཞི་རྟེན་རྒྱ་ཆེར་མཛད། རྫུ་འཕྲུལ་ལ་སོགས་པའི་གྲུབ་པའི་མཚན་མ་ཕལ་པའི་བློ་ཡུལ་དུ་མི་ཤོང་བ་ཞིག་སྟེ། དེ་ཡང་དཔེར་མཚོན་ཙམ་བརྗོད་ན། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ངོ་མཚར་རྒྱ་མཚོ་ལས་འདི་ལྟར་འབྱུང་སྟེ། དུས་དེ་ཉིད་ཀྱི་ཚེ་རྩེ་གདོང་ནས་གཅེན་རིན་པོ་ཆེ་ཀུན་དགའ་བསམ་གྲུབ་ཉིད་བློ་བུར་དུ་བྱོན་ཏེ། མཛོ་མོ་ཞིག་ལ་སིལ་སྙན་ཆུང་ངུ་གཅིག་སོགས་རྒྱབ་ཁལ་དང་བཅས་སྐས་སོན་དྲུག་བདུན་ཡོད་པའི་སྐས་ཤིག་ལ་ཐོགས་མེད་འཁྲིད་ནས་གཟིམ་ཕུག་གི་ནང་དུ་ཐལ་བྱོན་ནས། ངས་ཨོ་ལོ་འཕྲད་པར་ཡོང་བ་ཡིན། མཛོ་འདི་གང་དུ་འདོགས་གསུངས་པ་ལ། སྔགས་འཆང་བླ་མ་དེ་ཉིད་ཀྱིས་བྲག་ལ་ཕྱག་མཛུབ་ཀྱིས་བུག་པ་ཟངས་ཐལ་དུ་བཏོད་ནས། འདི་ལ་འདོགས་པར་ཞུ་ཞེས་གསུངས་པས། སྐུ་འཁོར་བ་རྣམས་ཧ་ལས་པར་གྱུར་ཅིང། བདག་ཆེན་སྐུ་མཆེད་གཉིས་ཀ་གྲུབ་པའི་གཙུག་རྒྱན་དུ་ཐག་ཆོད་པ་ཡིན་ནོ་ཅེས་ཀྱང་ཐོས། ཞེས་དང། ཡང་དེ་ཉིད་ལས། བསམ་ཡས་སུ་བྱོན་པའི་རྣམ་ཐར་གྱི་ཐད་ནས་འདི་ལྟར་གསུངས་ཏེ། སྔགས་འཆང་བླ་མ་ཡབ་སྲས་ཀྱི་དྲུང་དུ། བསམ་ཡས་པའི་ཞལ་ངོ། བློན་པོ་གྲོས་དབང་རྣམས་དང། གཞན་