[A:༤༤༥]དབུས་ཕྱོགས་སུ་རྟ་ཕོའི་ཁ་ལོ་བསྒྱུར་བའི་རྟེན་འབྲེལ་དུ་གདུག་འདྲེས་གཙུག་ལག་ཁང་གི་རྩེ་ནས་གཡབ་མོ་ལན་གསུམ་བྱེད་པས། དགེ་བཤེས་ནས་རྟ་ཕོའི་ཁ་ལོ་གཡས་སུ་བསྒྱུར་བ་རེ་མཛོད་གསུངས་ནས་ནས་ཆོས་སྐྱོང་ཡར་ཕེབས་ཏེ་གཙུག་ལག་ཁང་གི་སྟེང་ནས་ཀི་སྒྲ་དང་བཅས་པའི་མདའ་དར་གྱིས་གཡབ་མོ་ལན་གསུམ་མཛད་པ་དང་རྗེ་དཔོན་སློབ་རྣམས་ཀྱང་ཆིབས་ཁ་གཡས་སུ་བསྒྱུར་བ་རེ་གནང་། རྣམ་རབ་ཏུ་གྲྭ་ཚང་གིས་གཙུག་ལག་ཁང་དུ་གདན་དྲངས་ནས་འབུལ་བ་གང་འབྱོར་བཅས་ཞབས་བརྟན་ཕུལ། མགོན་ཁང་དུ་གཏོར་གཞི་འཛུགས་པ་དང་འཕྲིན་བཅོལ་གནང་། དེ་ནས་ཕེབས་ལམ་དུ་ཆུ་རགས་རྣམས་ལ་ཕྱག་ནས་མཛད་པས་དེ་ཕྱིན་ཆུའི་གནོད་པ་མ་བྱུང་བ་དང་རྣམ་རབ་ཕྱག་འདེབས་ལ་ལོ་ཏོག་རྒྱུན་ཞེས་ལ་ཕྱག་ནས་གནང་བས་དེ་ཕྱིན་ཤིན་ཏུ་ལོ་ལེགས་བྱུང་བ་དང་། ཚེ་དབང་གི་ཚེ་བུམ་ནོར་བུ་ཚེ་རིང་ལ་གནང་བ་ལས་བདུད་རྩི་ཆལ་ཆིལ་དུ་འབབས་པ་སོགས་བྱིན་རླབས་ཀྱི་མཚན་མ་ངོ་མཚར་བ་ཡོངས་སུ་གྲགས།
གོང་དཀར་རྡོ་རྗེ་གདན་དུ་ཕེབས་བསུ་རྒྱ་ཆེན་དང་བཅས་ཕེབས་ཉིན་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་མཐུན་གྲུབ་ཏུ་བྱུང་། གསང་བའི་མགོན་ཁང་དམ་འབྱར་དཀྲོལ་ཏེ་རྒྱུན་གཏོར་འཛུགས་པ་དང་གསུང་བསྐང་འཕྲིན་བཅོལ་གནང་།