[A:༤༥༠]རིང་ནས་བདུད་བཞིའི་དམག་དཔུང་མཐར་བྱས་པའི། །མཚན་དཔེའི་ལང་ཚོ་བཀྲ་བའི་ལུས་བརྟས་པར། །བསྙུན་འདྲི་བྱིས་བློར་ངེས་མོད་ཚུལ་བསྟན་ཙམ། །མེད་དེ་སྐལ་བཟང་ལུས་ཅན་ལེགས་བྱས་དཔྱིད། །ཅེས་སྐུ་ཁམས་རྙོག་པ་མེད་པ་ཡ་མཚན་དུ་ཅི་ཞིག་འཛིན་ཏེ་ཕུང་པོའི་བདུད་སོགས་ཐོག་མ་ནས་བཅོམ་ཟིན་པ་ཉིད་ཀྱིས་བསྔགས་པ་རྒྱུ་ཡིས་འགོག་པའི་རྒྱན།
འདི་ན་ཕྲ་མོའི་ན་ཚོད་ཟླ་ཚེས་ནས། །ཐོས་བསམ་འཕེལ་འགྲིབ་བྱེད་པའི་བློ་དམན་བདག །སྲིད་པའི་ཉེས་སྐྱོན་མཐོང་བཞིན་ཆོས་བརྒྱད་གདོན། །སྙིང་བཏབ་སྨྱོན་པའི་གར་མཁན་ལྟ་བུར་གནས། །ཞེས་རྒྱལ་དབང་སྐུ་ཉིད་ཐོས་བསམ་སོགས་འཕེལ་འགྲིབ་བྱེད་པ་ཟླ་བ་དཀར་ནག་གི་ཕྱོགས་ཀྱི་དཔེ་གཟུགས་ཅན་དང་། སྲིད་པའི་ཉེས་སྐྱོན་མཐོང་ཡང་འདོར་མ་ནུས་པ་སྨྱོན་པ་ལྟ་བུ་ཞེས་དཔེ་རྒྱན་སོགས་རྒྱན་འདྲེས་པ་རབ་སྤེལ་དུ་མཛད་ནས་རང་ཉིད་དམན་ས་འཛིན་པ་དམ་པའི་རྣམ་ཐར་དང་།
འོད་གསལ་ལྷ་རིགས་ཚངས་པའི་རལ་ཀླུང་ནས། །འཇམ་དབྱངས་ཐུགས་རྗེའི་ཡན་ལག་བརྒྱད་ལྡན་ཆབ། །གངས་ཅན་བསྟན་པའི་ཁྱབ་འཇུག་ཞབས་བསིལ་དུ། །ཆད་མེད་ལུང་རྟོགས་རྒྱ་མཚོར་འཁྱིལ་པ་རྨད། །ཅེས་འཇམ་དབྱངས་འཁོན་གྱི་གདུང་ལས་རྗེ་འདི་ཉིད་ཐུབ་བསྟན་ལུང་རྟོགས་ཀྱི་དཔལ་དུ་བྱོན་