[A:༤༤]སྐྱ་སེར་བྱིངས་ཀྱིས་སེར་ཕྲེང་ཕེབས་བསུ་སོགས་རྒྱས་པ་དང། ཁྱད་པར་གདུང་སྲས་འཇམ་པའི་དབྱངས་བསོད་ནམས་དབང་པོའི་ཞབས་དཔོན་སློབ་རགས་བསྡུས་གཟབ་གཤོམ་དང་བཅས་དལ་ལ་གོང་དུ་ཕེབས་བསུའི་སླད་དུ་ཕེབས་པ་ན། རྩེ་གདོང་བདག་ཆེན་ཉིད་དང་མཇལ་བའི་ཚེ། དེ་མ་ཐག་བདག་ཆེན་པ་ཉིད་དང། འཇམ་པའི་དབྱངས་དབང་པོའི་མཚན་ཅན་གཉིས་ཀ་ཡུན་རིང་འགྲོགས་པའི་མཛའ་བོ་ལྟར་ཐུགས་ཡིད་ཤིན་ཏུ་འདྲེ་བར་གྱུར་ཅིང། དེ་ནས་རིམ་པར་བསམ་ཡས་སུ་ཕེབས་པ་ན། སྔགས་འཆང་ཆོས་ཀྱི་རྒྱལ་པོས་ཀྱང་ཕྱག་དང་བསུ་བའི་སླད་དུ་དཀར་ཞལ་མཐིལ་དུ་ཕྱགས་ཕེབས་ཅིང། དེ་ནས་བསམ་ཡས་དབུ་རྩེའི་བར་ཁང་དུ་སྤྱན་དྲངས་ཏེ། སྐུ་མཆེད་གཉིས་ཀ་དགེས་བཞིན་ཏུ་བཞུགས་གྲལ་མཛད་པ་ལ། བསམ་ཡས་པ་རྣམས་ཀྱི་དཀར་སྤྲོ་སོགས་བསྙེན་བཀུར་ཕུན་སུམ་ཚོགས་པ་བསྒྲུབས་ཤིང། དེ་ནས་དཔལ་ལྡན་བླ་མ་དམ་པའི་བླ་བྲང་བཀྲ་ཤིས་སྒང་དུ་འདྲེན་པ་དམ་པ་སྐུ་མཆེད་ཁུ་དབོན་གསུམ་གྱིས་གདན་ཆགས་ཏེ། དེའི་སང་ཉིན་སྔ་བའི་ཆར་པེ་ཧར་ལྷའི་ཕོ་བྲང་ནས་སྐུ་མཆེད་ཁུ་དབོན་གསུམ་ཀ་སྤྱན་དྲངས་པའི་ཚེ། དུང་རྒྱ་གླིང། སྤོས་སྣ་སོགས་དང། གཞན་ཡང་རོལ་མོ་དང་བཅས་ཆོས་སྐྱོང་རང་ཉིད་ཀྱི་གར་འཆམས་མཛད་པ་སོགས་གུས་པ་ཆེན་པོའི་ངང་ནས་ཕེབས་