[A:༤༨༠]གཟིགས་པས་བསོད་མགོན་གྱི་སྐྱེ་བ་ཞུ་ལུང་དུ་ཡོང་བར་གསུངས་པ་ཕྱིས་སུ་ཡིན་ངེས་རྟགས་མཚན་གསལ་བ་བཅས་བྱུང་བ་སོགས་དང་། ཆོས་སྐྱོང་བྲན་དུ་ཁོལ་བས་འགལ་བྱེད་ཚར་གཅོད་རྗེས་འཛིན་ལྷན་ཅིག་མཛད་པའི་ཚུལ་ཡང་། གདོང་ན་སྨོན་འགྲོ་བ་དང་མཆོད་གཞིས་ས་ཁད་འབྲེལ་ཉིའི་སྟབས་རྩི་མེད་ཀྱི་སྤྱོད་ངན་བྱུང་བར། གདན་ས་ནས་བཙོ་ཉིས་སྦྲེལ་ཐོན་པ་ཁོ་པའི་གུར་གླ་ཚལ་གྱི་གསེབ་ན་ཡོད་པའི་སྟེང་དུ་བབས་པ་དང་། གདོང་སྣའི་གླིང་གསེབས་ཏུ་མི་རྐང་གི་སྒྲ་ལན་མང་ཐོས་པ་སོགས་ནས་མི་རིང་བ་གཏན་བརླག་ཏུ་སོང་བ་དང་། ཕུ་དམར་ཕྱོགས་སུ་བསྟན་དགྲ་ཞིག་གི་ཁང་ཐོག་ཏུ་མཚན་མོ་བོང་བུས་བྲོ་འཁྲབ་པ་མཐོང་བའི་ཕྱི་ཉིན་དེར་གཏོར་སྐམ་ཁ་ཡར་བྱུང་བས་བྲེད་ནས་བཤགས་པ་རྒྱ་ཆེར་ཕུལ་བ་དང་། ཡང་ལོག་ལྟ་ཅན་ཞིག་གིས་ཞབས་འདྲེན་ཆེ་ཙམ་ཞུས་པར་མ་འགྱང་པར་གདན་སའི་ནང་གསོའི་རྩ་ཁང་གི་སྦུག་ན་དགྲ་བོ་དེ་མིག་གཉིས་ཕྱིར་ཐོན་ལུས་ཐམས་ཅད་སྦོས་ནས་ཨེ་ཁྱེར་ཁྱེར་འདུག་པས་ཁམས་པ་ཨ་ཁུ་བླ་མ་ཟེར་བ་དེས་མཐོང་འཕྲལ་ཀུན་ལ་བཤད་པ་བཞིན་མི་རིང་བར་དགྲ་བོ་ཡང་དེ་ཁོ་ན་ལྟར་གྱུར་ནས་ཤི་བ་དང་། ཕུ་རིའི་འབྲོག་པར་སྐྱེ་བོ་མི་སྲུན་པ་ཞིག་གིས་འཚེ་བར་བྱུང་བར་གདན་སའི་ཐད་ནས་བཙོ་མང་པོ་རྒྱུགས་ཏེ་ཁོའི་སྦྲ་ཐད་དུ་བབས་ཅིང་། ཉེ་སར་ཕ་བོང་ཆེན་པོ་ཞིག་