R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༧
[A:༤༧]དེའི་གཅུང་ནི་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་ཏེ། བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་དང། ངོ་མཚར་རིན་པོ་ཆེའི་བང་མཛོད་སོགས་སུ་གསུངས་པ་ལྟར་རོ། ། ཀུན་དགའ་བདེ་ལེགས། བདག་ཆེན་ཀུན་དགའ་བསམ་གྲུབ་ཀྱི་བཙུན་མོ་རྩེ་གདོང་མ་ལ་སྲས་གཅིག་འཁྲུངས་པ་ནི། བདག་ཆེན་ཀུན་དགའ་བདེ་ལེགས་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྟེ། འདི་ནི་ས་མོ་བྱ་ཡི་ལོ་ལ་སྐུ་འཁྲུངས། མཁྱེན་རབ་ཤིན་ཏུ་ཆེ་བས་ཆོས་མང་པོ་ཐུགས་སུ་ཆུད། འཇམ་དབྱངས་ཀུན་དགའ་ལེགས་གྲུབ་ཀྱི་དྲུང་དུ་དགུང་ལོ་བཅུ་བཞི་པ་ཆུ་ཕོ་ཁྱི་ལོ་ཧོར་ཟླ་བདུན་པའི་ཚེས་བཅུའི་ཉིན་དགེ་བསྙེན་མཛད་དེ་མཚན་གསོལ། དུས་འཁོར་གྱི་དབང། སྦྱོར་དྲུག་གི་ཁྲིད་ཀྱཻ་རྡོར་གྱི་དབང་ལ་སོགས་པ་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་གསན་ཅིང་ཐུགས་དམ་དང་གསན་པ་ཕུལ་དུ་བྱུང་བར་མཛད་པས་ཏིང་འཛིན་གྱི་སྒོ་དུ་མ་འཁྲུངས། ཆོས་རྗེ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་པ་ལ་གསུང་ངག་གསན། གཞན་ཡང་ཡབ་འཇམ་དབྱངས་ཀུན་དགའ་བསམ་འགྲུབ་པ་དང་ངོར་ཆེན་