R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༩༦
[A:༤༩༦]གདུགས་འདེགས་ཐུགས་རྗེ་མདོ་གཟུངས་ཡན་ཆད་རྣམས་གསེར་ཟངས། བུམ་སྡིར་དང་བྲེ་དངུལ་ལྗང་བརྡུང་། ཆོས་འཁོར་བཅུ་གསུམ་ཕོ་འཁོར་མོ་འཁོར་གསེར་ཟངས་སྤེལ་མ་ལ་རིན་ཆེན་ཁྱད་ནོར་བགྲང་བར་དཀའ་བའི་ཕྲ་རྒྱན་སོགས་བཟོ་བཀོད་འགྲན་ཟླ་མེད་པ་དང་། རྟེན་རྣམས་ཀྱིས་བཟོ་ཕུད་དུ་རྗེ་ཉིད་ཀྱི་སྐུ་འདྲ་པད་སྦྲགས་ཁྲུ་གང་བཅས་སྐུ་འདྲ་དང་མཆོད་རྟེན་དེ་དག་གི་རྒྱུ་ཆས་རགས་པ་ལ་ཟངས་ཁལ་ལྔ་བཅུ་ང་བཞི་དང་། གསེར་འགུར་ཞོ་བདུན་བརྒྱ་དང་བཅུ། དངུལ་སྲང་བདུན་བརྒྱ་སུམ་ཅུ་སོགས་སོང་། བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་བུམ་ལྡིར་དངུལ། གཞན་རྣམས་གསེར་ཟངས་ལས་གྲུབ་པ་ཁྲུ་དོའི་ཚད་གྲས་མཉམ། ཕྱི་རྟེན་རྣམ་རྒྱལ་མཆོད་རྟེན་མཐོང་གྲོལ་ཆེན་མོར་གྲགས་པ་རྣམས་ཀྱི་ནང་རྟེན་ལ་སངས་རྒྱས་ཀྱི་རིང་བསྲེལ། བླ་མ་གོང་མ་རྣམས་ཀྱི་རིང་བསྲེལ། གོང་དུ་སྨོས་པའི་གདུང་ཚྭ་དེ་དག་དང་རྗེ་དེ་ཉིད་ཀྱི་སྐུ་བལ་རིགས་སོགས་བྱིན་རྟེན་དང་གཟུངས་བཞུགས་དཔག་ཏུ་མེད་པས་ཕྱུར་བུར་གཏམས། གཞན་ཡང་འཇིགས་བྱེད་དང་ཕུར་པའི་བླ་བརྒྱུད་ཀྱི་སྨན་སྐུ་མི་ཚད་བདུན་བཅུ་དོན་དྲུག རྗེ་དེ་ཉིད་ཀྱིས་དགོངས་པའི་ལྷག་མ་སྔགས་ཐང་ཆེན་མོ་ཉེར་ལྔ། གོས་བཟང་སྒྲིགས་ཀྱི་ལྷ་ཁང་ཆེན་མོའི་ཁྱམས་སྟོད་དབུས་ཀྱི་གདུང་ཁེབས་སུ་དུས་གསུམ་སངས་རྒྱས་