[A:༤]དབུ་བླ་མ་ངེས་འོན་ཀྱང་ཀླུ་དབང་མཆེད།
མཁན་ཆེན་ཞི་བ་མཚོ་དང་སློབ་དཔོན་ཆེ།
པདྨའི་ཞལ་སློབ་ཡིན་ཅིང་དེ་དུས་ཀྱི།
མཁས་གྲུབ་གཞན་ཡང་ཡོད་མོད་འདི་ཡིན་ཅེས།
གསལ་བའི་ལོ་རྒྱུས་ཁོ་བོས་སྔར་མ་མཐོང།
ཕྱི་མ་ཤིང་ཁྱི་རེ་དགུ་ཆུ་རྟར་གཤེགས།
ཡབ་དང་གཅེན་པོ་ཁྱིན་ལོ་འོད་སྣང་དང།
བླ་ཆེན་ཤཱཀྱ་ཡེ་ཤེས་བསེ་ཀུན་རིག
འགོས་ལོ་བསོད་ནམས་རྩེ་མོ་ཨཽཊྱན་གྱི།
པཎྜི་ཤེས་རབ་གསང་བ་རྨ་ལོ་ཙཱ།
མལ་ལོ་བ་རི་ཁའུ་སྐུ་མཆེད་དང།
འཁོན་སྟོན་སྒྱི་ཆུ་སྐྱུ་ར་ཨ་སེང་སོགས།
དམ་པ་རྣམས་ལས་གསན་པའི་ཕ་རོལ་ཕྱིན།
བཞི་བཅུའི་དགུང་ལོན་རྒྱལ་བསྟན་ལྔ་བརྒྱ་པ།
ཕྲག་བཅུའི་བདུན་པ་མངོན་དུས་ལྔ་བརྒྱ་ལས།
ཉིས་བརྒྱ་བདུན་ལོན་ཆུ་གླང་ཁྲུམས་ཟླའི་འགོར།
ས་དཔྱད་གཟིགས་ནས་གཟིམ་སྤྱིལ་དཀར་པོ་བཏབས།
གུ་རུ་ཞང་མོར་ལྔ་བཅུ་ང་དགུའི་ལོ།
ཆུ་སྤྲེ་ས་ཆེན་ཀུན་དགའ་སྙིང་པོ་འཁྲུངས།
རེ་བདུན་ས་སྟག་གཤེགས་དེའི་དབུ་བླ་ནི།
འཇམ་དབྱངས་སྒྲོལ་མ་མི་གཡོ་བིརྭ་པ།
ནག་པོ་གྷ་ཡ་ནགས་ཁྲོད་ཀོ་ཏྲ་ལི།
ཡབ་དང་བ་རི་ལོ་ཙཱ་དར་མ་སྙིང།
བྱང་འཆད་ཁྱུང་དང་ཁྱུང་གཞན་རིན་ཆེན་གྲགས།
མེ་དིག་ལྷང་འཚེར་ཁའུ་ཆོས་རྒྱལ་མཚན།
སྒྱི་ཆུ་དགྲ་ལྷ་འབར་དང་མལ་ལོ་ཙཱ།
སྤུ་ཧྲང་ལོ་ཆུང་སྐྱུ་ར་ཨ་སྐྱབས་དང།
པདྨ་ཤྲཱི་ཛྙཱ་ན་བཛྲ་དང།