[A:༥༡]ལས་བྱས་པ་འདི་འདྲ་མིན་ལགས། ཞེས་ཞུས་འཚམས་སུ་ཡུམ་ཕེབས་ནས་བྱུང་བས་གསུང་འཕྲོ་བཅད་སོང་ཞེས་ཟེར་བ་དང། ཡུམ་ལ་ང་ལ་དུང་མང་པོ་ཡོད་ཅེས་གསུང་བ་དང། རྗེ་འདི་ལུག་ལོ་རྒྱལ་ཟླའི་ཚེས་བརྒྱད་ལ་འཁྲུངས་ནས་ལོ་ཧྲིལ་པོ་གཉིས་དང་ཟླ་བ་གཉིས་ཙམ་སོང་བའི་ཁྱི་ལོའི་དཔྱིད་འཇམ་དབྱངས་ཀུན་དགའ་བསམ་གྲུབ་ཀྱི་དགོངས་རྫོགས་ལ། ས་སྐྱ་ནས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་སྤྱན་དྲངས་ཏེ་རྩེ་གདོང་དུ་བཞུགས་སྐབས་དུས་རྟག་ཏུ་སྔགས་འཆང་རིན་པོ་ཆེའི་སྐུ་དྲུང་རང་དུ་བཞུགས་ཤིང། དགོང་མོ་གསུང་བསྐང་མཛད་པའི་ཡུན་ཐམས་ཅད་ལ་ཕྱག་རྔ་ཆུང་ཆུང་བཟོ་བ་འདྲ་མོ་ཞིག་ཡོད་པ་དེ་བརྡུང་གིན་རྒྱུན་རིང་པོ་ཅི་འདྲ་བྱུང་ཡང་ངལ་བ་མེད་པར་སྐུ་དྲུང་དུ་བཞུགས་པ་ཞིག་བྱུང་བས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཤིན་ཏུ་དགེས་ཏེ་འདི་ལ་ཡག་པོ་རང་ཞིག་ཡོང་བ་འདུག་ཅེས་ཡང་ཡང་གསུང་བ་བྱུང་ཞེས་ཐོས། རྗེ་ངོར་ཆེན་དཀོན་མཆོག་དཔལ་ལྡན་པ་རྩེ་གདོང་དུ་ཕེབས་སྐབས་ཤིག་རྗེ་འདི་བྱིས་པ་ཆུང་ངུ་དེར་བཞུགས་པ་ལ། རྗེ་ངོར་པས་ཡབ་ཡུམ་གཉིས་ལ། གདུང་བརྒྱུད་འདི་སྐུ་སྐྱེད་ཡག་པོ་བྱུང་འདུག་ས་ལོ་ཐམས་ཅད་མཁྱེན་པའི་སྐུ་རྗེས་ཟིན་པ་ཞིག་ཨེ་ཡོང། ཞེས་གསུངས་པ་ལ། རྗེ་འདིས་ཡོང་ཡོང་ཞེས་གསུང་བྱུང་བས་ཆོས་རྗེ་ངོར་ཆེན་དང་ཡབ་ཡུམ་རྣམས་ཧ་ལས་པ་ལྟ་བུར་གྱུར།