[A:༥༢༨]ཚོགས་ཆེ་ཡང་རིམ་འགྱང་དུ་སོང་བ་འདི་ལོ་གཏེར་སྟོན་རིན་པོ་ཆེར་ཞུ་ཡིག་གནང་བ་ལྟར་གཏེར་ཆེན་དེ་ཉིད་ཀྱི་གཅུང་ཤ་འུག་གི་ཆོས་བདག་ལུང་ཟིན་ལོ་ཆེན་ངག་དབང་ཆོས་དཔལ་ཟབ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་ཕེབས་པར་སྣེ་ལེན་བཀུར་གཟོས་རྒྱ་ཆེན་དང་བཅས་རྩ་བའི་ཟབ་ཆོས་དེ་ཉིད་དང་གཞན་ཡང་རྙིང་ལུགས་ཀྱི་ཆོས་བཀའ་དཔག་ཏུ་མེད་པ་ཞིག་གསན། ལོ་ཆེན་ལའང་ཡང་དག་མར་མེ་དགུ་པས་གཙོས་པའི་ཟབ་ཆོས་དཔག་མེད་གནང་།
དེ་ནས་ལྷོ་བོད་མཚམས་ཀྱི་སྐྱེ་བོ་མི་སྲུན་པ་རྣམས་ཀྱི་དཀྲུག་གཞི་དང་། ལྷ་སའི་བློན་ཆེན་པད་མ་རྒྱལ་པོ་འཁོར་བཅས་འབྲུག་ཕྱོགས་ལ་ངོ་བལྟས་པའི་རྐྱེན་བྱས། ཨ་འཛིན་བོད་ཞབས་སུ་ཡོད་པར་འབྲུག་ཕྱོགས་ནས་རྒྱབ་གཉེར་སོགས་ལ་དགའ་ལྡན་ཕོ་བྲང་པ་ཐུགས་མ་སོང་བས་ཟིང་ལོང་དུ་ཉེ་བ་ན། རྗེ་ཉིད་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་འདུམ་ཆིངས་ལ་ཆིབས་བསྒྱུར། ལམ་བར་དུའང་ཆོས་ཀྱི་སྦྱིན་པ་སྩལ་བཞིན་པས་ཆུ་མིག་ཤེལ་མགོར་ཕེབས་དུས་གནས་འདིར་མ་འོངས་པ་ན་དམ་ཆིག་ཉམས་པའི་སྔ་ལྟས་ཤིག་འདུག་གསུངས་པ་ཕྱིས་སུ་པདྨ་རྒྱལ་པོ་ཁུ་མཚན་ཆིངས་མཚམས་ལས་འདས་ནས་དམར་གསོད་བྱུང་བ་དེ་ཡིན་ཚོད་འདུག་རིམ་གྱིས་ཕེབས་ཏེ་སྤྲེ་མོ་ལའི་ལྷ་ཁང་ཀ་གཉིས་ཀྱི་ནུབ་ཕྱོགས་སུ་བཞུགས་སྒར་གདན་ཆགས་པའི་སྐབས་ཤིག་གསུངས་ལས། ངེད་