[A:༥༣]ཀློག་ཡིག་ཕུལ་བས་བརྡའ་ཙམ་བསྟན་པས་ཚེགས་མེད་དུ་མཁྱེན་པས་ངོ་མཚར་དུ་འཛིན་ཅིང་རིམ་གྱི་ཆོས་སྤྱོད་ཀྱི་རིམ་པ་རྣམས་དང་རྡོ་རྗེ་ཕུར་པ་ལ་སོགས་པའི་སྒྲུབ་དཀྱིལ་གྱི་ཆོ་ག་སོགས་ལ་ཐུགས་སྦྱོང་མཛད་དོ། །
དེ་སྐབས་ཡབ་བདག་ཆེན་ཀུན་དགའ་བདེ་ལེགས་པའི་དབུ་བླར་ཨེ་ཝཾ་ཆོས་ལྡན་ནས་བྲང་ཏི་པ་པཎ་ཆེན་ནམ་མཁའ་དཔལ་བཟང་པ་བཞུགས་པ་ལ་ཀྱཻ་རྡོར་ལ་སོགས་པའི་དབང་བསྐུར་ཅི་རིགས་པ་གསན་པས་སྨིན་པར་མཛད་ཅིང་རྗེས་གནང་ལ་སོགས་པའི་དབང་བཀའ་ཅི་རིགས་པ་གསན་པ་ནས་བཟུང་སུམ་ཅུ་རྩ་གཉིས་སུ་ཕེབས་པའི་སྟག་ལོ་རྗེ་བྲང་ཏི་པ་ཞིང་བརྗེས་པའི་བར་དུ་རྗེ་བཙུན་དེ་ཉིད་དུས་སྐབས་ཕལ་ཆེ་བར་རྩེ་གདོང་དུ་སྤྱན་དྲངས་ཏེ་གསུང་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང། དེ་ཡང་ངེད་རང་གི་ཞུ་བ་ལ་མ་ལྟོས་པར། འདི་དགོས་པ་ཡོང་གསུངས་ནས་དགོངས་པས་དཔྱད་ནས་ཆོས་ཚོ་གནང་བ་ཞིག་ཡོད་ཅེས་གསུངས་ཞིང། རྗེ་དགུང་ལོ་ཉེར་གཅིག་པ་ཡོས་ལོ་བསྙེན་པར་རྫོགས་པ་གནང་གྲུབ་འཕྲལ། ད་ཐར་པ་རྩེ་རང་དུ་བཞུགས་ལ་གསུང་ཆོས་འཆད་པ་ལ་བརྩོན་པ་མཛོད་གསུང་བའི་བཀའ་ལུང་ནན་ཆེ་བ་ཕེབས་བྱུང་བ་ལ། ངེད་རང་དེ་ཁ་བཞིན་དུ་ཞུ་རྩིས་ཡོད།