R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༦
[A:༥༦]འཇམ་དབྱངས་ཀུན་དགའ་བདེ་ལེགས་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་ཆ་ལག་དང་བཅས་པ་དང། གཞན་ཡང་བདེ་མཆོག་ལཱུ་ཡི་པ་སོགས་ཀྱི་དབང། སྒྲུབ་ཐབས་བརྒྱ་རྩ་རྒྱ་མཚོས་གཙོ་བྱས་པའི་རྗེས་གནང་དུ་མ། རྗེ་དཀོན་མཆོག་ལྷུན་གྲུབ་པའི་བཀའ་འབུམ་སོགས་ལུང་གི་ཚོགས་དུ་མ་གནང་བ་རྗེ་འདི་ཉིད་ཀྱིས་མ་ཚང་བ་མེད་པར་གསན། ལུང་སོགས་རེ་རེ་ནས་འདི་བྱུང་རང་གསལ་པོ་མི་འདུག་ཀྱང། ཕལ་ཆེ་བ་ད་ལྟའང་གསལ་པོ་འདུག་ཅེས་རྗེ་དེ་ཉིད་ཀྱི་གསུངས། དེ་དུས་ཆོས་ཡུན་རིང་བ་དང་སྐུ་ཕྲ་བས་བཞུགས་མི་ནུས་པའི་རྣམ་འགྱུར་ཅུང་ཟད་བྱུང་དོགས་ནས་ཆབ་ཏོག་ན་བཟའི་ཁུད་དུ་འཇོག་དགོས་བྱུང་ཞེས་གསུང་ཡང། སྔོན་ལེགས་པར་སྦྱངས་པའི་བག་ཆགས་སད་པའི་སྐྱེས་བུ་དམ་པ་འདི་ནི་དེ་ཙམ་ན་དྲན་ཤེས་བཞིན་དང་ལྡན་པས་དོན་གཉེར་དེ་ལྟ་བུ་མཛད་པ་ངོ་མཚར་བའི་གནས་སུ་སྣང་ཞིང། ཡོལ་བའི་ཕྱི་ནས་ནང་དུ་རེ་རེ་བཞིན་འགྲོ་བའི་བརྡ་ཆིག་བརྒྱུད་གནང་བ་སོགས་ད་ལྟ་ཡང་གསལ་པོ་འདུག་ཅེས་གསུངས་སོ། ། ལོ་དེའི་སྟོན་མཇུག་ནས། ཤར་ཆེན་ཀུན་དགའ་བཀྲ་ཤིས་དགུང་ལོ་བཅོ་བརྒྱད་པའི་དུས་རྩེ་གདོང་གི་གཟིམ་ཁང་བསམ་གཏན་འཕེལ་རྒྱས་སུ་གཞི་བསྙེན་མཛད་འདུག་ཕྱག་གཡོག་ལ་ཆོས་རྗེ་ལྷ་སྡིངས་པ་འདུག།