[A:༥༧༦]གསུང་བ་དང་བཅས། རང་རེ་རྣམས་ནས་ཞབས་ཕྱི་ཚུལ་བཞིན་བྱུང་ན། ངན་སོང་དུ་མི་སྐྱེ་བའི་ཁག་ཐེག་ཞེས་གསུང་འདུག་པ་དང་།
ཡང་ཡོལ་མོ་སྤྲུལ་སྐུ་རིན་པོ་ཆེ་བསྟན་འཛིན་ནོར་བུས་ཨ་མེས་ཞབས་ལ་ལུང་བསྟན་ཕུལ་བ་དེའི་གཤམ་ན། སྐུ་ཚེ་འདི་ལ་མཛད་པ་མི་རྫོགས་པས། །ད་དུང་སྐྱེ་སྲིད་གཉིས་ནི་ངེས་པར་འཛིན། །ཞེས་འབྱུང་བའི་དང་པོ་རྩེ་གདོང་ཞབས་དྲུང་ཀུན་དགའ་ཚེ་དབང་རིག་འཛིན་ཡིན་ཚུལ་དང་། གཉིས་པ་བདག་ཅག་གི་རྣམ་འདྲེན་དམ་པ་འདི་ཉིད་ཡིན་ཚུལ་གོང་ཀུན་དགའ་ཚེ་དབང་རིག་འཛིན་གྱི་རྣམ་ཐར་དུ་བཤད་པ་ལྟར་དང་། ཡང་ལྕེ་རིགས་རྗེ་བཙུན་དམ་པ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཞེས་སྙིགས་དུས་མཁས་གྲུབ་འགྲན་བྲལ་དེ་ཉིད་ཀྱི་རྣམ་སྤྲུལ་འཁྲུལ་མེད་ཡིན་པ་ནི་བཅོ་བརྒྱད་ཆེན་མོ་དེ་ཉིད་ཀྱི་རྣམ་ཐར་ཤེལ་དཀར་ཕྲེང་བར། ལྕགས་ལུགས་ལོ་ས་སྐྱར་ཕེབས་སྐབས་ཀྱི་འཕྲོས་ལས། བསྟན་སྲུང་རྒྱ་མཚོའི་བཞུགས་གནས་ཁའུ་བྲག་རྫོང་མཇལ་བར་ཕྱིན། སྤྱན་གཟིགས་སྙན་དར་ཕུལ་བསྐང་བ་རྒྱས་པར་བྱས་སྐབས་སྒྲ་ཆེན་པོ་ཞིག་དང་ལྷན་དུ། དཔལ་མགོན་བྲམ་གཟུགས་སྐུ་མདོག་མཐིང་ནག་རལ་པའི་ཐོར་གཙུག་ཅན་རྒྱན་ཕྱག་མཚན་སོགས་ཞལ་བཞི་ཡོངས་རྫོགས་ལྟར་དྲག་ཤུགས་མི་ཟད་པ་དང་ལྡན་པ་ཞིག་ཞལ་