[A:༥༨]ལས་སློབ་པཎ་ཆེན་ནམ་མཁའ་དཔལ་བཟང། གྲིབ་ཚོད་པ་མུས་ཆེན་ནམ་མཁའ་དཔལ་བཟང། དབུ་མཛད་མགོན་པོ་བཀྲ་ཤིས་སོགས་དགེ་སློང་ལྔའི་དབུས་སུ་རབ་ཏུ་བྱུང་སྟེ། མཚན་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ་ཏེ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེས་ཐུགས་ཀྱི་བང་མཛོད་ཡོངས་སུ་གང་བར་མཛད། ན་བཟའ་བརྗེས་པའི་ཚེ་ཡུམ་ལ་ངའི་གོ་ལག་རྙིང་པ་དེ་དགོས་གསུང། མ་ཕུལ་བས་འོ་ན་དེའི་ནང་ན་ཤིག་འདྲ་འདུག་ན་ཡུམ་གྱིས་དེ་ཚོ་ཤ་ཡག་པོ་དང་མཉམ་དུ་གོས་ནང་དུ་འཇོག་རོགས་མཛོད་ཅེས་གསུངས། མཁན་སློབ་གཙོ་བོར་གྱུར་པའི་དེར་བཞུགས་ཀྱི་ལས་གྲལ་བ་རྣམས་ལའང་འབུལ་བ་གནང་སྦྱིན་རྒྱ་ཆེ་བ་དང། དགེ་འདུན་ཚོགས་པ་ལའང་མང་ཇ་འགྱེད་དང་བཅས་པའི་དགའ་སྟོན་མཛད། འཇམ་དབྱངས་ཀུན་དགའ་བདེ་ལེགས་པས་ཚོགས་ཆོས་དང་སྒོས་ཆོས་འགའ་ཞིག་གནང། བདག་ཉིད་ཆེན་པོ་འདིས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་སེང་གེའི་ཁྲི་ག་ལ་བ་དེར་ཞབས་སེན་བཀོད་ནས་དེར་བཞུགས་ཀྱི་དགེ་འདུན་བརྒྱ་ཕྲག་དུ་མ་འདུས་པ་ལ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་སུ་གནང་བ་མཛད། ཕྱིས་རྗེའི་ཞལ་ནས་ང་མི་འཁམ་ཆེས་ཟེར་དགོས་སམ་ལོ་དགུ་པ་ལ་ངོར་ཚོགས་ཆེན་དུ་འཇམ་དབྱངས་ཀྱི་རྗེས་གནང་བྱས་ཞེས་གསུངས་སོ། །