[A:༦༠]ཆེན་པོ་དཔལ་ལྡན་ས་སྐྱར་ཁྲི་འདོན་མཛད་དགོས་པཻའ་སྙན་ཞུས་ཡང་ཡང་འབུལ་བར་མཛད་ནས། ཆེ་འདོན་གྱི་ཡོ་བྱད་ལ་དམིགས་པའི་རྩེ་གདོང་ནས་འབུལ་སྡུད་པ་རྫོང་བདའ་གནང་བའི་བཀའ་གྲོས་གསལ་འདེབས་མཛད་དེ། མདོ་ཁམས་ཕྱོགས་ཀྱི་ངོར་པ་ལ་གཏོགས་པའི་བླ་མ་སློབ་དཔོན་དགོན་སྡེ་ཆེ་ཆུང་སྦྱིན་བདག་དྲག་ཞན་ཐམས་ཅད་ལ་རྗེ་དེ་ཉིད་ཀྱི་ཕྱག་དམ་མཛད་དེ། རྩེ་གདོང་ནས་གདུང་བརྒྱུད་རིན་པོ་ཆེ་སྐུ་མཆེད་རྣམས་དཔལ་ལྡན་ས་སྐྱའི་བསྟན་པའི་བདག་པོར་མངའ་གསོལ་རྒྱུ་ཡིན་པས། ཁྱེད་རྣམས་ཀྱིས་ས་སྐྱ་པའི་བསྟན་པའི་ཞབས་ཏོག་དང་རང་རང་གི་འདི་ཕྱིའི་དོན་སྒྲུབ་པའི་ཕྱིར་དུ་འབུལ་བ་གང་དྲག་བྱེད་དགོས། ཞེས་སོགས་ཀྱིས་བསྐུལ་མ་མཛད་དེ། རྡོ་རྗེ་འཛིན་པ་ཆེན་པོ་ལྷུན་གྲུབ་དཔལ་བཟང་པ་དཔོན་སློབ་རྣམས་ཁམས་ཕྱོགས་སུ་བརྫོང་བར་མཛད།
ལོ་གསུམ་གྱི་སྐུ་མཚམས་གྲོལ་ནས་རྟ་ལོའི་མཇུག་ཏུ་ཨེ་ཝཾ་དུ་ཕེབས། དེ་དུས་རྗེ་འདི་དགུང་ལོ་བཅུ་གཉིས་པ་ཡིན་ལ། དེ་དག་གི་མུ་ནས་སྔར་སྨོས་པའི་སྒྲུབ་དཀྱིལ་སོགས་དང་ཀུན་རིག་ཚེ་དཔག་མེད། མི་འཁྲུགས་པ་ལ་སོགས་པའི་རྒྱུད་སྡེ་འོག་མའི་ཆོ་ག་དང་དཔལ་ཀྱེ་རྡོ་རྗེའི་རྩ་རྒྱུད་དང་རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་ཚུལ་གསུམ་མཛེས་རྒྱན་ལ་སོགས་པའི་རྒྱུད་གཞུང་རྣམས་ཐུགས་ལ་བཟུང་ནས་རྒྱུད་འདོན་གྱི་དབུར་ཕེབས་པ་དང།