[A:༦༢༥]ཉིད་ལ་བལྟས་ཏེ། ཡིད་བཞིན་ནོར་བུ་འདི་སྟར་ཡོང་ངོ་། ། ཞེས་ཡང་ཡང་ཞུ་བ་ཞིག་བྱུང་འདུག་པས་རྗེས་སུ་དྲུང་ཡིག་ལགས་ནས། ད་ཚོད་བསམ་ཚེ་སྲིད་ཞིའི་འདོད་དགུ་ཀུན་སྩོལ་ཡིན་ནོ་ཞེས། བརྡའ་སྤྲོད་ངེས་ཤེས་སྐྱེས་པ་ཞིག་བྱུང་གསུང་། དེ་ནས་འབྲོང་རྩེ་ནས་གསོལ་སྟོན་ཟུར་གསོས་ལེགས་འབུལ། ཉེ་འཁོར་གྱི་ཆེ་བཙན་དང་། སྐྱེ་བོའི་ཚོགས་ལ་སྤྱི་ཕྱག་སྒེར་ཕྱག་སོགས། འབྲོང་རྩེ་ཆོས་སྡེ་སོགས་དགོན་རིགས་རྣམས་ནས་ཀྱང་ལེགས་འབུལ་བྱུང་ཞིང་། གནས་གསར་རྒྱལ་ཁང་གི་གནས་གཟིགས་མཆོད་འབུལ་སྨོན་ལམ་སོགས་མཛད། སྐྱེ་བོའི་ཚོགས་ནས་འབུལ་བ་ཤིན་ཏུ་སྟོབས་ཆེ་བས་ཞབས་ཕྱི་རྣམས་ནས་བསྡུ་མ་ཐུབ་པར་བག་མེད་འཇོག་དགོས་ལྟ་བུ་བྱུང་། དེ་ནས་འདུས་ཆུང་སྐྱིད་སྦུག་ནས་གསོལ་སྟོན་ལེགས་འབུལ་དང་ཁྲོམ་དབང་ཞུས། སྐྱང་འདུར་བདེ་བ་ཅན་ཏུ་ཕེབས་གསོལ་སྟོན་ལེགས་འབུལ་གནས་གཟིགས་ཆེ་བཙན་སྐྱེ་བོའི་ཚོགས་ལ་ཕྱག་དབང་ཁྲོམ་དབང་། ནུབ་གླིང་བརྒྱུད་ཚལ་དུ་བཞུགས་སྒར་གསོལ་སྟོན་ལེགས་འབུལ། ཆེ་བཙན་དམངས་བཅས་ལ་ཕྱག་དབང་། པད་ཚལ་མཆོད་ཁང་དུ་དཀར་སྤྲོ་གསོལ་སྟོན།
དེ་ནས་ཆིབས་བསྒྱུར་སྟེ། ཞྭ་ལུ་རྒྱན་གོང་གི་གནས་གཟིགས་དུས་ལྷ་མོ་སྐུ་ཕེབས་ཀྱི་ལུང་བྱུང་ཚུལ་ཞིག་ཨ་ཎི་ལགས་དེ་ནས་