[A:༦༤༦]རྣམས་གཉིས་ནས་གཟིགས་པ་དགེ་བའི་འདོད་དོན་འགྲུབ་ཐོག་འདིར་འཕྲལ་འབྱོར་གྱི་བཀའ་ཐམ་གནང་རྟེན་བཅས་ལེགས་ལམ་ཤིན་ཏུ་ཆེ་བའང་སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་བསྐྱེད་དུ་གོ །
ས་བྱ་ལོའི་ལྷ་ས་སྨོན་ལམ་ཆེན་མོར་དགེ་འདུན་ཞལ་གྲངས་ཆིག་ཁྲི་ཆིག་སྟོང་སུམ་བརྒྱ་ང་བདུན་ཙམ་ལ་མང་འགྱེད་ཀྱི་བསྙེན་བཀུར་མཛད་ཅིང་། མཁར་ཁ་ནས་རྗེ་བཙུན་དམ་པའི་དགོངས་རྫོགས་མི་སྣའི་གདོང་ཞུ་ཤོག་རྟེན་སྒྲགས་རྒྱ་ཆེན་དང་། འདུས་སྡེར་མང་ཇ། གྲྭ་རེར་དངུལ་སྲང་རེའི་འགྱེད་དང་བཅས་འབྱོར་བར་ལུགས་གཉིས་ཀྱི་གནང་སྐྱེས་རྒྱ་ཆེན་བསྩལ། རྒྱ་སོག་མང་པོས་དགེ་ཚུལ་སློང་ཞུས་པར། མཁན་ཆེན་དབང་ཕྱུག་ཕུན་ཚོགས་ལ་བཀའ་གནང་སྟེ་དེ་བཞིན་དུ་མཛད། སྐྱེད་ལྷས་མགོན་ཁང་དུ་ཞག་བདུན་ཚེ་སྒྲུབ་ཉམས་བཞེས་དུས། སྐུ་ཁམས་ཉོག་པ་དང་དུས་མཚུངས་ངེད་རང་གི་མ་ལགས་དེའི་མནལ་ལྟས་སུ་སྐྱེད་ལྷས་ནས་ཡིན་ཟེར་བའི་བཙུན་མ་སྐྲ་སིལ་བུར་འཕྱང་བ། མཆེ་བ་གཙིགས་པ་ཞིང་བྱུང་ནས། གོང་མ་རིན་པོ་ཆེ་སྐུ་ཁམས་ཤིན་ཏུ་མི་བདེ་བའི་སྐུ་གེགས་ཆེན་པོ་འདུག་པར་ཞབས་བརྟན་སྐུ་རིམ་གང་དྲག་དང་། ལྷག་ཏུ་ད་ལམ་ཚེས་བརྒྱད་ཉིན་སྒྲོལ་འདོན་བྱ་ཞིང་། གསོལ་འདེབས་ཚིགས་བཅད་འདི་ཞབས་བརྟན་དུ་ཐོན་ཟེར་ནས་ཤོག་རིལ་ཞིག་གཏད་པ་ཤར་བ་བཞིན་སྒྲུབ་པས་སྐུ་ཁམས་ཀྱང་