R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༠༣
[A:༧༠༣]ཚབ་བྱས་ནས་བཏང་བའི་ཉི་ཕྱེད་ཡན་ལ་གསར་འགྱུར་མེད་ཀྱང་། དེ་ནས་ལྗགས་དབུགས་སྣ་ཐུང་ཞིང་བྲེལ་བས་བཞུགས་གཡབ་དུ་མ་བཞུགས་པར་གཟིམ་ཁྲིར་གདན་འདྲེན་དང་མ་ལགས་སོགས་ཞབས་དྲུང་དུ་འཁོད་པ་རྣམས་ཀྱི་ཕྱག་འཚལ་བཅས་ཞབས་བརྟན་གསོལ་འདེབས་ཕུར་བཙུགས་དང་། དཔའ་ཆེན་ཞིག་མེ་ལོང་ལ་ལྟར་བཅུག་པར་གཟིམ་ཁྲི་ཡོངས་རྫོགས་འཇའ་འོད་འདྲ་བས་ཐུམ་ནས་མི་མཐོང་ཟེར་སྐད་ཐོས་དེ་མཚམས་ནས་ངེད་རང་གཟིམ་ཆུང་མདོའི་གཡབ་ན་ཡོད་པར་གནས་སློབ་དེ་སྤྱན་ཆབ་མཛད་ཅིང་འདུག་པས་གང་ཡིན་ཞུས་པར་ད་ཞབས་པད་མི་བརྟན་པ་འདྲ་གསུང་བྱུང་བས་སྙིང་གས་པ་ལྟ་བུའི་སྡུག་བསྔལ་གྱི་སྐད་ཆེན་པོར་ངུས་པས་རྟབས་ཤོགས་དང་སྡུག་བསྔལ་གཉིད་ཀ་འདོམ་པ་ལྟ་བུ་སྤུན་གཞན་རྣམས་ཀྱང་ངུ་ཞིང་གཟིམ་ཤར་ན་ཡོད་པར་དུམ་ཙམ་ཞིག་ནས་གཟིམ་ཆུང་དུ་ཤོག་གསུང་བྱུང་བས་དེ་ཕྲལ་སྙིང་རུས་སྐྱེད་ནས་ཕྱིན་པས་གཞན་ཚོ་ཞབས་བརྟན་གསོལ་འདེབས་བྱེད་མུར་འདུག་ཅིང་ཁྱད་པར་མཛོད་པ་དེས་རྒྱུན་མཚན་དུ་མ་ཞུ་གིན་འདུག་ཀྱང་སྤྱིར་ལོ་གཞོན་ཤིང་ཁྱད་པར་སྡུག་བསྔལ་གྱིས་མནར་བས་མ་ངེས། འོན་ཀྱང་དེ་ལན་ཞལ་གསལ་ནི་གང་ཡང་བྱུང་མ་སོང་ཤིང་། ངེད་ལ་སྤྱན་ཆེར་གཟིགས་ཏེ་སྣ་གྲང་མོར་སོང་བ་དང་དབུགས་འདིའི་སྟབས་བཅས་ནས་ནམ་ཕྱེད་ཙམ་ལས་མི་ཐུབ་པ་འདྲ་