R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༢༦
[A:༧༢༦]དེར་བཏགས་ཡོད་པས་དེ་དུས་ནས་འཚུབ་ཉམས་བྱུང་ཞིང་། མཐར་རྩེ་རྗེས་མ་ལགས་དེ་ལ་བདག་མོའི་དགའ་སྟོན་སོགས་ལ་གཡེང་བ་མེད་པར་མཚམས་མཛད་ན་ལེགས་ཚུལ་ཕེབས་པ་མ་འོང་སྒྲིབ་མེད་གཟིགས་པའི་ལུང་དུ་འདུག དེ་ནས་སྨིན་ཟླའི་བཅུ་གསུམ་ལ་བདག་མོ་འབྱོར་བའི་སྟོན་མོ་གཞས་སོགས་གཟབ་འཕྱོར་དང་། ཁྱད་པར་གོང་ས་རིན་པོ་ཆེ་ནས་གཟིམས་འགག་འོད་འཇོ་སྐུ་ཚབ་ཏུ་ཆེད་གནང་གི་ལེགས་སོ་ཚད་མེད་བསྩལ་བ་སོགས་གཞིས་བྱེས་གོང་འོག་ཀུན་ནས་གོ་བབས་དེ་ལས་ལྷག་པ་མཛད་རྒྱུ་མེད་ཀྱང་སྔོན་ལས་འཕྲལ་རྐྱེན་ལྟ་བུའི་མི་ཤིས་པའི་མཚན་མར་བདག་མོ་བྱོན་ཕྲལ་དབུས་ཞབས་ཞིག་ནས་བཞི་ཐོག་ཚོམས་ཆེན་རྩེར་དར་ལྕོག་ཞིག་བཙུགས་སོང་བ་དེ་ཕྲལ་རླུང་གིས་ཁྱེར་བའི་གར་སོང་ཆ་མེད་བྱུང་སོང་ཞིང་། མོན་འཁྱམས་མྱ་ངན་གྱི་ནོན་པ་ལྟ་བུ་འགའ་རེར་གླིང་བུ་ངུ་སྐད་འདོན་པ་ལྟ་བུ་བསྒྱུར་བ་སོགས་སེམས་ཚ་ལྷང་ངེ་བྱུང་ཡང་རྨུ་གབ་ཀྱི་བཅིངས་པས་རིམ་གྲོ་གང་ཡང་མ་དྲན། དེ་དུས་ཞོལ་ཁང་ཆོལ་མཛད་སྐུ་ཚབ་ཏུ་བྱོན་པའི་གཞུང་སའི་སྐུ་རིམ་བསྐང་བ་ཉིན་གང་མ་ཞག་ཤས་ཚོམ་ཆེན་དུ་ཚུགས་པའི་དབུ་དང་མདོས་ཆུང་མདོས་ཆེན་སོགས་ལའང་དེས་ཕྱིན། དེ་ནས་ཆུ་བྱ་རྟ་ཟླའི་ཚེས་གཅིག་ལ་རླུང་ཆེན་ཚོད་མེད་བྱུང་