[A:༧༣༣]ཕྱི་རྣམས་ཀྱི་བབ་གང་ས་ནས་ཞལ་མངག་དུ་མ་གནང་མཐར་རྒན་མོ་ངའི་འདས་ཤུལ་གང་མཛད་ནའང་ཉིད་རང་ནས་མཁྱེན་པས་དེས་མ་ཐུས་པ་གང་ཡང་ཞུ་རྒྱུ་མེད་གསུང་བྱུང་བས་བློ་ཁོལ་ཡང་སྙིང་རུས་སྐྱེད་ནས་ད་དུང་སྐུ་རིམ་འཕྲོད་བཞེས་རིམ་ནས་ཞུ་བས་དངས་བསྐྱེད་བཞེས་ཐུབ་ཙམ་ཨེ་ཡོང་ཅི་སྟེ་ཇི་གསུང་བཞིན་ཐོག་བབ་ཤར་ཚེ་གང་སྤྱིའི་ཞལ་ཆེམས་འགྱོད་མེད་ཞུ་ཞུས་པས་དགོངས་པར་ཤིན་ཏུ་བབ་སོང་ཞིང་ནུ་བོ་དེ་ནི་མིད་པ་འཁྲིལ་བ་ཡིན་ནམ་གང་ཡང་ཞུས་མ་སོང་།
དེ་ནས་ཕུར་སྒྲུབ་རིང་དང་ཁྲུམས་ཟླའི་བཅུ་གསུམ་པར་རེས་འཇོག་གི་དེ་ཉིན་ངོས་སྤུན་དབང་ཁང་ན་འཇམ་རྡོར་སྒྲུབ་མཆོད་བྱེད་མུར་ཉི་དྲོས་ལ་ད་གཤེགས་གྲབས་འདུག་པས་བྱོན་ཟེར་བ་བཞིན་ཕྱིན་པས་མི་ངོ་མི་མཁྱེན་ཅིང་སྤྱན་ཕན་ཚུན་དུ་གཟིགས་ཐུབ་ཙམ་འདུག་པས་ངེད་རང་ནས་བདུད་རྩི་རིལ་བུ་ཁྲུས་ཆུར་སྦྱར་བར་སངས་རྒྱས་འཕེལ་གདུང་བཅས་ཞུས་པས་དར་ཙམ་ནས་ཅུང་ཟད་ཐུགས་གསལ་དུ་སོང་ངེད་གཉིས་ཀྱི་སྒྲུབ་མཆོད་གྲོལ་གྲུབ་ཕྲལ་འོན་སེང་གང་དགོས་གྲ་སྒྲིགས་ཀྱི་ཅག་ཆར་རེ་བསྡད་པས་བཅུ་བཞི་འི་ཤར་མདའ་བཏང་ཙམ་ལ་ཆར་ཆེན་སྒྲུབ་མཆོད་ཚོགས་དྲུང་གསན་པས་ཕྱག་ཐལ་མོ་སྦྱར་ནས་ཆོས་དབྱིངས་སུ་ཐིམ་ཕྲལ་ཞལ་ཆེམས་བཞིན་འོད་ཟེར་ནས་མཁའ་སྤྱོད་མའི་འཕོ་བ་གསོལ་