R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༥
[A:༧༥]སྙན་དར། གདུང་ཆོག་པ་ཉི་ཤུ་སྐོར་ལ་བསྙེན་བཀུར་སོགས་དགོངས་རྫོགས་རླབས་ཆེན་མཛད། དེ་སྐབས་ཙམ་ལ་འཇམ་དབྱངས་བསོད་ནམས་དབང་པོའི་དྲུང་ནས་གསུང་ངག་ཡོངས་རྫོགས། ཕུར་པའི་སྟོད་ལས་སྨད་ལས་གུར་ཞལ་སོགས་ཀྱི་རྗེས་གནང། ཚེ་བཀའ། ཇོ་བོའི་ཆོས་འབྱུང་བརྒྱ་རྩའི་ལུང་རྣམས་གསན་ནོ། ། གཞན་ཡང་དབུས་སུ་ཡང་ཡང་ཕེབས་སྐབས་ནཱ་ལེནྡྲར་གསུང་ངག་ཚར་དུ་མ་དང་དབང་བཀའ་གྲངས་མང། སེམས་བསྐྱེད་རབ་བྱུང་བསྙེན་རྫོགས་སོགས་ཀྱི་སྒོ་ནས་བསྟན་འགྲོའི་དོན་མཛད་ཅིང། མཁར་རྩེ། སྟག་ལུང། གྲུབ་རྒྱལ། མཚོ་ཁ་དགའ་ལྡན་རྩེ། སྤྱང་ལུང་ཆོས་སྡེ། དགའ་མོ། ལོ་དགོན་པ། རྒྱ་མ་རིན་ཆེན་སྒང། འཆད་ཁ་སོགས་སུའང་སྤྱན་དྲངས་ཏེ་མཆོད་ཅིང་ལུགས་གཉིས་ཀྱི་སྒོ་ནས་ཀུན་གྱི་རེ་བ་བསྐང། སྤྱང་ལུང་པ་དང་རིན་སྒང་པ་གཉིས་ཀྱིས་མཆོད་གཞིས་མང་པོ་ཡང་ཕུལ། སྐབས་ཤིག་ཞྭ་དམར་མཆོག་སྤྲུལ་རིན་པོ་ཆེ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་ཁམས་ཕྱོགས་ནས་ཟ་དམ་དུ་ཕེབས་པ་ལ་སྔར་ནས་ཐུགས་འདྲིས་ཡོད་པ་བཞིན། མཚམས་ཞུ་གནང་ཞིང། རྒྱལ་བ་ཀརྨ་པས་ཀྱང་སྐུ་ཁྱོས་གྱ་ནོམ་ཕུལ། ཡར་ལམ་སྣེ་གདོང་ཆོས་སྡེ། སྙེ་ཕུ། འཇུན། ཆུ་ཤུར་སོགས་ནས་ཀྱང་བསྙེན་བཀུར་