[A:༧༨༠]ཞབས་སོགས་ཀྱི་དུས་ཆེན་འགོ་ཟླའི་བཅུ་གཉིས་ཞབས་སྐོར་ལ་ངེད་རང་བཞི་ཐོག་ནས་འགྲོ་གདོང་ཁྱེར་ཏེ་མཆོད་སྡོང་དྲུང་དུ་ཕུལ་ཞིང་སྨོན་ལམ་བཏབ་བོ། །
དེ་ལྟར་འདི་སྐབས་ཀྱི་རྣམ་ཐར་གཞན་ལས་རྗེས་སྒྲུབ་སྐོར་སྤྱི་དང་། མཆོད་སྡོང་གསེར་སྐུ་བཅས་ཀྱི་ལོ་རྒྱུས་ཞིབ་ཙམ་བྲིས་པ་ནི་གཤེགས་པོ་དེ་ལ་འདི་དག་ཅུང་ངོ་མཚར་ཆེ་བ་ཡོད་པས་དགེ་བ་ལ་རྗེས་སུ་ཡི་རང་བསམ་པ་སྐྱེ་བའི་ཆེད་ཡིན་ཞིང་། དེ་ལས་བྱུང་བའི་དགེ་བ་ནི་གཞན་ལས་ཁྱད་པར་འཕགས་པ་ཞིག་སྟེ། འཕགས་པ་སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བའི་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་གསུངས་པ་ལྟ་བུས་མཚོན་ནུས་པས་བསྟན་འགྲོའི་དོན་དུ་འདི་ལྟའི་དགེ་བའི་སེམས་མ་གྱུར་འགྲོ་བ་ཀུན་ལ་སྐྱེ་བར་གྱུར་ཅིག །ཅེས་ཚིག་སྒྲ་ལེགས་པོ་དེས་སྒྲོ་བཀུར་དང་བྲལ་བའི་ལོ་རྒྱུས་དྲང་པོར་བཤད་ནས། དེ་ལྟར་བདག་ཅག་གི་རྣམ་འདྲེན་དམ་པ་དེ་ཉིད་ཀྱི་རྗེས་སུ་བཟུང་བའི་སྤུན་རྣམས་ལས་དྲུག་པའི་ལོ་རྒྱུས་མདོར་བསྡུས་དེ་བཞིན་དང་། སྲས་གསུམ་པ་ཁོ་བོ་ཅག་ནི་ཙནྡན་སྡོང་ཤུལ་ཡོར་མོས་བཟུང་བའམ། རྟ་ལམ་བོང་བུའི་འགེགས་པའམ་མགྲིན་བཟང་གཟིག་ལྤགས་གྱོན་པ་ལྟ་བུ་སྟེ། དེའི་ཚུལ་ནི་འདི་ལྟར་རོ། །