[A:༡༣༢]དུས་ལས་བཟང་བ་མ་དྲན། ཞེས་ད་ལྟའང་ངག་རྒྱུན་དུ་ཆགས་ཤིང་འདི་ལོ་ཁལ་ཁ་འགའ་ཞིག་དང༌། བླ་མ་ཆུ་བཟང་པ། གོང་གི་རིགས་བདག་གནས་གསར་རྡོ་རྗེ་འཆང༌། རྩེ་གདོང་སྤྲུལ་སྐུ་སོགས་ཕུར་དབང་སྨད་ལས་སྒྲོལ་དབང་སོགས་དང༌། ཛ་སག་བླ་མ་བསྟན་ཆོས་ཀྱི་མི་སྣ་ཁ་ཤས་ལ་བཟང་སྤྱོད་ཀྱི་ལུང་སོགས་འདོད་ཆོས་ཀྱི་ཚིམ་པར་མཛད་དོ།།
དགུང་གྲངས་བཅོ་བརྒྱད་དུ་ཕེབས་པ་མེ་སྟག་ལོ་བཀྲ་ཤིས་ལྷ་ཁང་གི་ཟམ་སྣེར། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཞལ་གཟིགས་པའི་ཚུལ་འབུམ་ཐང་ལྡེབ་བྲིས་ལས་གསལ་བ་བཞིན་དང༌། རྟ་ཟླའི་ཡར་ཚེས་ལ་མགོན་ཁང་ཁག་བཞིར་འཕྲིན་འཆོལ་སྔོན་འགྲོའི་ཉེར་དགུར་གདན་ས་ཆེན་པོ་རྩེ་གདོང་གི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་རིམ་གྱིས་ཐུབ་བསྟན་གསེར་མདོག་ཅན་གྱི་ཆོས་གྲྭ་ཆེན་པོར་བྱོན་ཐོག་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་ཞིག་བསྩལ་ཏེ། དབོ་ཟླའི་ཚེས་དྲུག་ལ་གདན་ས་རྩེ་གདོང་དུ་ཕྱག་ཕེབས་ནས་བསྟན་རྒྱུན་མི་ཉམས་སྲིད་མཐར་སྤེལ་བའི་ཆོས་སྦྱིན་རྒྱ་ཆེར་མཛད་ཚུལ་ནི་འདི་ལྟ་ལགས། གོང་མ་ལྔའི་སྐུ་བསྟོད་ཀྱི་ལྗགས་ལུང་གིས་ཆོས་སྒོ་ཕྱེ་སྟེ། རིམ་གྱིས་འཇམ་དཀར་མ་ཏི་ལུགས། སྒྲོལ་དཀར་བཀའ་བབས་བདུན་ལྡན། ཚེ་དཔག་མེད་ཆག་ལུགས་རྣམས་ཀྱི་རྗེས་གནང་ལུང་བཅས་དང༌། བཅོམ་ལྡན་འདས་སྙིང་པོ་ཀྱཻ་རྡོ་རྗེ། དཔལ་ཆེན་ཡང་དག ཕུར་པ། གསང་འདུས་མི་བསྐྱོད་རྡོ་རྗེ་རྣམས་ཀྱི་སྨིན་བྱེད་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་སྟེང་ནས་དང༌། དཀར་བདུད་ལྕམ་དྲལ་