[A:༩]གསུམ་པ། གདུང་རབས་རྒྱས་པར་བཤད་པ།
གཉིསཔ་དེའི་དོན་རྒྱས་པར་བཤད་པ་ལ་སྤྱི་བྱེ་གཉིས་ལས། དང་པོ་ནི་དེ་ཡང་རྒྱལ་གསུང་བཀའ་འགྱུར་རིན་པོ་ཆེའི་ནང་བཞུགས་གསང་བ་སྤྱི་རྒྱུད་ལས། མ་འོངས་འཁོན་གདུང་ཡིན་ངེས་གང་ཟག་རྣམས། །ང་ཡི་ཉན་ཐོས་རྒྱན་དྲུག་མཆོག་གཉིས་དང༌། །གྲུབ་ཆེན་བརྒྱད་ཅུའི་རྣམ་འཕྲུལ་མ་གཏོགས་པ། །སྐལ་བ་དམན་པ་གཞན་དག་འབྱུང་རེ་སྐན། །ཞེས་ལུང་གིས་བསྔགས་པ་འདི་ལ་དགོངས་ནས་འཇམ་མགོན་ཀུན་བློས། །ཐུབ་བསྟན་མཛེས་རྒྱན་བསྟན་འཛིན་དུ་མ་ལས། །རྒྱན་དྲུག་མཆོག་སོགས་སྐྱེས་ཆེན་དུ་མ་ཞིག། །སྙིགས་དུས་བསྟན་འགྲོའི་རྒྱན་དུ་འཁོན་གདུང་ཞེས། །རྒྱལ་བའི་རྒྱན་དུ་བསྔགས་ཁྱོད་ཞབས་བརྟན་ཤོག།།ཅེས་སོགས་གསུངས་པ་ན། རྒྱལ་བའི་བཀའ་དང་འཕགས་པའི་ལུང་གིས་གྲུབ་པའི་གདུང་རབས་རིན་པོ་ཆེའི་ཕྲེང་བ་འདི་ཉིད་བརྗོད་པར་བྱ་བ་ལ། ཕན་ཡོན་དང་དགོས་པ་ཇི་ལྟར་ཡོད་ཅེ་ན། མདོ་ལས་འཇིག་རྟེན་ན་རིགས་ཐམས་ཅད་ཀྱི་བླ་མར་གྱུར་པ། ཤཱཀྱ་རྣམས་ཀྱི་སྐྱེས་པའི་རབས་བཟུང་ཞིང་གཞན་དག་ལ་ཡང་རྒྱ་ཆེར་བསྙད་ན་ཆོས་དང་མཐུན་པའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བྱུང་བ་ལ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཕེལ་བར་བྱེད་པ་ཡིན་ནོ། །ཞེས་མདོ་