[A:༡༨༡]ཆོག་ལྗགས་རྩོམ་གསར་སྒྲིག་སྟེང་ནས་ཐོག་མར་གནང་སྟེ། སྒོ་རུམ་དུ་གསུང་བསྐང་དང་སྦྲགས་གསང་རྒྱའང་གྲོལ་ཞིང་ཕུན་ཚོགས་གླིང་དུ་ཕེབས། མི་རིང་བར་རྗེ་ཉིད་ཁའུར་སྨན་ཆབ་ལ་ཆིབས་བསྐྱོད་སྐབས་གྲྭ་ལྔའི་སྒྲུབ་མཆོད་ཆག་མེད་མཛད་རྒྱུའི་ཆས་རྣམས་འགེལ་ཁལ་དྲེའུ་ཕྱིར་ལོག་པ་སོགས་འཚུབ་ཉམས་འགའ་ཞིག་བྱུང་བ་ནི། བདག་མོ་དེ་ཡུན་རིང་མི་བཞུགས་པའི་ལྟས་དང༌། གྲོ་བཞིན་ཕུར་སྒྲུབ་གྲོལ་ནས་མཁན་ཆེན་གསར་བསྐོ་དང་བཅས་བཅའ་ཡིག་ལེ་ཚན་དུ་མ་འདི་རྣམས་ལྗགས་སྒྲིག་མཛད། དབྱུག་ཟླའི་ནང་དེ་མཚམས་ནས་འཇམ་མགོན་གཅུང་དམ་པའི་ནང་རྟེན་དུ་བཤད་པ་ལྟར། ལྷ་ཆེན་འཁྱམ་སྟོད་དུ་མཆོད་སྡོང་འཛམ་གླིང་འོད་གསལ་གསེར་དངུལ་སོགས་རིན་ཆེན་དུ་མ་ལས་ནང་བཞུགས་སོགས་སྒྲུབ་ཚུལ་གདུང་རབས་རྣམ་ཐར་ལོ་རྒྱུས་དང་རྣམ་ཐར་ཆེན་མོ་ཞིབ་གསལ་མཛད་པ་བཞིན་དང༌། འདི་ཉིད་ཀྱི་རྒྱལ་མཚན་འཛུགས་ཆོག་དང་རབ་གནས་བསྡུས་པ་དུ་མ། རྒྱས་པ་ཀྱཻ་རྡོར་དཀྱིལ་ཆོག་དང་འབྲེལ་བ་ཞི་རྒྱས་སྦྱིན་སྲེག་བཅས་མཛད་དུས། ཤངས་འབའ་ར་སྤྲུལ་སྐུས་བུམ་པ་བཅུད་ལྡན་ཁ་རྒྱན་ཅན་གྱི་ཐོག་དྲངས། དངོས་འབུལ་གྱ་ནོམ་པའང་མཆོད་སྡོང་གི་དྲུང་དུ་བཞེས་ཤིང༌། དའུ་དཔོན་དོན་ཡོད་ནས་གསེར་སྲང་བརྒྱ་ཕྲག་གི་འབུལ་བའང་ཞི་བའི་སྦྱིན་སྲེག་ཐོག་འབྱོར་བ་སོགས་མ་བསྒྲིགས་ལྷུན་གྲུབ་ཀྱིས་ལ་ཉེ་ཕུན་སུམ་ཚོགས་ཤིང༌། བུམ་པ་ནི་ད་ལྟ་ཚོགས་ཆེན་རྣམ་རྒྱལ་སོགས་ལ་མཛད་པ་འདི་དང༌། གསེར་དེ་ལས་འོག་ནས་འབྱུང་བའི་བུམ་སྒོའི་གསེར་སྐུ་རྡོ་རྗེ་འཆང་བསྐྲུན་པར་མཛད།