[A:༡༨༩]སེམས་འཛིན་གྱི་དབུ་ཚུགས་ཉིན། སྐྱིད་གྲོང་གནས་པོ་གསུང་རབ་ཀྱིས། རལ་གྲི་ཡུ་བ་ལ་རྡོ་རྗེ་ཕ་ལམ་གྱི་རྒྱན་ལྡན་ཞིག་ཁྱེར་ནས་གློ་བུར་དུ་བྱུང་བ་ལ། རྗེ་རྡོ་རྗེ་འཆང་གི་གསུང་ལས། གསུང་རབ་དང་རལ་གྲི་དང༌། རྡོ་རྗེ་ཕ་ལམ་གསུམ་གྱི་མིང་བཀྲ་ལས་བཟང་ངན་ཅི་ཡིན་ཤེས་ལྡན་དག་གིས་རྟོགས་ནུས་གསུངས་ཏེ་ཞལ་བྱང་འབྱར་བ་དང་བཅས་ད་ལྟའང་དབང་རྫས་ཁང་གི་འཇིགས་བྱེད་ཕྱག་ཆའི་གྲས་སུ་བཞུགས་སུ་གསོལ་བ་ལགས། ཡང་དེ་ལོ་གདན་སའི་གཙུག་ལག་ཁང་གཡུ་ཐོག་སོགས་ཁག་བཅུ་བདུན་ཙམ་དུ་བླ་རེ། ཐང་ཀ ཏིང་ཕོར་བདུན་ཚར། རྔ། དུང༌། འཁར་རྔ། འཐོར་སྣོད། ཌཱ་མ་རུ། ནང་མཆོད། རོལ་མོ། སིལ་སྙན། ཕུད་ཕོར། པད་སྡེར། སྒོ་ལྕགས་སོགས་སྦྱོར་འཇགས་མང་དུ་མཛད་པ་འདི་རྣམས་ཀྱང༌། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་འདིར་ངོ་མཚར་བའི་གཙུག་ལག་ཁང་གི་རྟེན་གཞི། སྤྲུལ་པའི་ལྷ་ཁང་ཆེན་མོ་རྣམས་ཀྱིས་ཐོག་དྲངས་གཙུག་ལག་ཁང་ཇི་སྙེད་བཞུགས་པ་ལས། བར་སྐབས་སུ་སི་ཏུ་བྱང་རྒྱལ་ལྷ་ས་རྫོང་པ་སོགས་བསྟན་དགྲ་གདུག་པ་ཅན་རྣམས་ཀྱིས་ཉམས་ཆག་དུ་མ་བཏང་བར་སྔགས་འཆང་ཆོས་ཀྱི་རྒྱལ་པོས་ཉམས་གསོ་མཛད་པ་ནས་བཟུང༌། གོང་མ་རིམ་ཅན་གྱིས་གཅེས་སྤྲས་སུ་མཛད་པའི་རྒྱུན་བཟང་པོ་མི་ནུབ་པའི་ཆེད་དང༌། ལྷག་པར་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་འཛམ་གླིང་བསྟན་འགྲོའི་དཔལ་དུ་མྱུར་བར་ཕེབས་པའི་ཆེད་དུ་དགོངས་པར་མཛད་དོ།།
དགུང་གྲངས་སོ་གཉིས་སུ་ཕེབས་པ་ལྕགས་འབྲུག་ལོ་ནས་བཟུང༌།