[A:༡༣]གསུངས་པ་ལྟར། གང་གི་ཡུམ་མཆོག་ཉིད་ལ་ལྷུམས་ཞུགས་ཀྱི་གཟིགས་སྣང་དང་མནལ་ལམ་ངོ་མཚར་ཅན་རྒྱལ་སྲས་ས་བཅུ་ལ་གནས་པའི་བྱང་སེམས་ཆེན་པོ་རྣམས་དང་དབྱེར་མ་མཆིས་པ་བྱུང་ཚུལ་ནི། དགུང་གྲངས་གསུམ་པ་ཡན་གྱི་རྣམ་ཐར་ལོ་རྒྱུས་ཕལ་ཆེར་གདུང་རབས་ཆེན་མོ་ཞལ་སྐོང་རྣམ་ཐར་དུ་གསུངས་པ་བཞིན་ནོ།།
འོན་ཀྱང་སྐུ་བལྟམས་པའི་ཚུལ་སོགས་ཅུང་ཟད་བརྗོད་ན། དེ་ཡང་འདི་ལྟར་ཐོས་ཏེ། ཐོག་མར་འོད་གསལ་ལྷ་ལས་ཆད་པས་ན་ལྷ་དང༌། སྲིན་པོ་འཁོན་པའི་བར་དུ་བྱུང་བས་ན་འཁོན། མཐར་མར་གནས་གཞིའི་མཚན་ལས་ས་སྐྱ་པར་གྲགས་པའི་མཚན་མཆོག་གསུམ་ལྡན་གྱི་གདུང་རིགས་ཡབ་རྗེ་བདག་ཆེན་ངག་དབང་བསོད་ནམས་རིན་ཆེན་ཞེས་སེམས་དཔའ་ཆེན་པོ་དེ་ཉིད་དང་སྔོན་དུས་གསང་སྔགས་རྙིང་མའི་གྲུབ་ཐོབ་རྗེ་འབངས་ཉེར་ལྔར་གྲགས་པའི་ནང་ཚན། དཀོན་མཆོག་འབྱུང་གནས་ཐོག་ཆེན་མདའ་འཕེན། ཞེས་གྲགས་པའི་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་རིགས་རྒྱུད་ཀོ་ཅག་འགྲོ་མགོན་མའི་ཡུམ་མཆོག་མཁའ་འགྲོའི་མཚན་རྟགས་དང་ལྡན་པ། བསོད་ནམས་དཔལ་གྱི་དབང་མོ་དེ་ཉིད་ཀྱི་སྲས་སུ་ཞི་བ་ཞེས་པ་ས་མོ་བྱ་ཡི་ལོ། དུས་དེར་རྒྱལ་མཆོག་བདུན་པ་ཆེན་པོ་བསྐལ་བཟང་རྒྱ་མཚོ་དགུང་གྲངས་ཉེར་གཅིག་ཕེབས་པ་དང༌། པཎ་ཆེན་བློ་བཟང་ཡེ་ཤེས་བཅས་ཀྱི་སྐུ་ཐོག་དང༌། ལྗོངས་འདིར་དབུས་གཙང་ཟིན་བུན་གྱི་ནང་འཁྲུག་ལོ་གཅིག་ཙམ་བྱུང་རྗེས། གཙང་པ་རྒྱལ་ཏེ་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་བོད་ཁམས་ཡོངས་