[A:༡༧]དུས་གསང་སྔགས་ཕོ་བྲང་དུ་བཞུགས་སྐབས། འདི་ཡིན་མེད་པའི་སྙུན་གཞི་བྱིང་ངེ་བ་ཞིག་བྱུང༌། སྨན་དཔྱད་རིམ་གྲོ་སྤྱི་དང༌། ཡབ་རྗེ་མཆོག་ནས་ཚེ་དབང་ལྗགས་ཆུ་སོགས་བཀའ་དྲིན་ཆེ་ཡང༌། སྐྱེད་མ་བཞེས་པའི་ཚུལ་གྱིས། ཉིན་གཅིག་ཡབ་ཡུམ་སྐུ་འཁོར་འགའ་དང་བཅས་བཞུགས་མུར་དར་གཅིག་ལྗགས་དབུགས་ཀྱི་རྒྱུ་བ་ཆད་ཅིང༌། སྤྱན་ཡང་བཙུམ་སྟེ་དགོངས་པ་ཆོས་དབྱིངས་སུ་མཉམ་པར་བཞག་མུར། སྙན་ཁུང་གཡོན་ན་མར་ཨི་རི་རི་ཟེར་བའི་སྒྲ་ཞིག་ཡུན་རིང་གསན་སྐབས་ནས་ཉེ་མཁོ་རྣམས་ཁྲ་གསལ་གྱིས་གཟིགས་ཤིང༌། གང་ལྟར་དེ་དུས་ཡབ་ཡུམ་ལྟོས་བཅས་ཀུན། ད་ནི་རེ་ལྟོས་དང་བྲལ་སོང་དགོངས་པའི་ཐུགས་ཁྲལ་ཆེར་འཁྲུངས་ཀྱང༌། སྐྱེས་བུ་དམ་པའི་ཁྱད་ཆོས་ཚེ་སེམས་སོགས་དབང་བཅུ་ལ་མངའ་བརྙེས་པའི་བརྡ་ནི་འདི་ལྟ་བུའོ། ཞེས་སྟོན་པ་མཛད་པ་དང༌། ཨི་རི་རི་ཞེས་པའི་སྒྲ་དེ་ཡབ་རྗེ་མཆོག་ནས་ཚེ་གཟུངས་ལྗགས་བཟླས་ཀྱི་ཆབ་སྙན་ཁུང་དུ་བླུགས་པ་དང༌། ཁྲ་གསལ་གྱིས་གཟིགས་དུས་ཐུགས་དྲན་གསོས་པ་ཡིན་འདུག ཅེས་ཕྱིས་སུ་ཡང་ཡང་བཀའ་བསྩལ། རིམ་གྱིས་སྙུན་ལས་གྲོལ་ཚུལ་བཞེས་ཏེ་ཡབ་རྗེ་མཆོག་ནས། ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་ཉམས་ལེན་འཇིགས་བྲལ་སྟོབས་ཀྱི་མགོན་པོ། དཔལ་ལྡན་བིར་ཝ་པ་ཉིད་ལ་རྗེ་བཙུན་རྡོ་རྗེ་བདག་མེད་མས་དངོས་སུ་བསྩལ་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་གྱི་དགའ་སྟོན་གཉིས་པ། བཞུགས་ཁྲི་པདྨ་ཅན་གྱི་སྟེང་ནས་བསྩལ་བའི་ཞལ་སློབ་ཀྱི་དབུས་སུ་རྡོ་རྗེ་འཆང་ཉིད་ཀྱང་ཡུམ་གྱི་