[A:༢༧༥]མགུར་ཞིག་མཛད་བྱུང་བ་ལ། དེའི་གསུང་ལན་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ས་སྐྱ་ནས་འབུལ་གནང་གིས་ཕར་གསན་ཚུར་གསན་ཤིན་ཏུ་གསལ་བར་འཁྲུངས་ཀྱང་ཚིག་དོན་ཇི་བཞིན་མ་ངེས། ཞེས་གསུངས་པ་འདི་དག་ནི། ཉེ་རིང་ཀུན་ལ་སྙོམས་པ་ཚངས་པའི་དབྱངས། ཞེས་གསུང་གི་གསང་བར་མངའ་བརྙེས་པའི་བརྡའོ། །སྔོན་སྔགས་འཆང་ཉིད་ལ་ས་ལོ་ཙྭ་བ་འོད་གསལ་དུ་བྱོན་ནས་ལུང་བསྟན་ཕུལ་དུ་བྱུང་བར་བསྩལ་བ་བཞིན། རྗེ་ཉིད་ལའང་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཞལ་གཟིགས་ཀྱི་དཀའ་གསང་རྨད་དུ་བྱུང་བ་གྲོལ་བ་ནི་གོར་མ་ཆག་ཀྱང༌། དེ་དུས་སུ་མ་ཟད། དུས་གནས་དང་བསྟུན་པར་མཛད་དེ་གནད་ཆེ་བར་འགའ་ཞིག་གི་ཚེ་རྣམ་པ་ཀུན་ཏུ་མ་ངེས་པའི་ཟོལ་མཛད་ཅིང༌། གཞན་དུ་བསྙེལ་བ་མི་མངའ་བའི་ངང་ཚུལ་བཟང་པོ་རྗེ་ཉིད་ལ་མངའ་བ་ནི་མ་བཅོས་ལྷུན་གྲུབ་བོ། །ཚེས་བརྒྱད་ནས་ཕུན་གླིང་དབང་ཁང་དུ་སྲས་ཡུམ་རྣམས་ལ། ཀྱཻ་རྡོ་རྗེའི་རྒྱུད་དབང་རྡུལ་དཀྱིལ་སྟེང་ནས་དང༌། ཨཥྚའི་བཟླས་ལུང་བཅས་རྒྱས་པར་བསྩལ་བ་དེ་ནི། འཇམ་མགོན་གཅུང་རིན་པོ་ཆེ་གོང་གསལ་གྱི་ལྷུམས་ཞུགས་ཐོག་གོ་ཆོད་པར་ཞལ་གྱིས་བཞེས་པའི་དབང་དེ་དང༌། སྐུ་བལྟམས་ནས་འདི་ཉིད་སྨིན་བྱེད་ཀྱི་ཐོག་མ་རང་ཡིན་པར་ངེས་ལ། དེ་དང་མུ་སྦྲེལ་ཞུ་དབོན་ངག་དབང་དགེ་ལེགས་དང༌། མཁས་དབང་ཞེ་དྲུང་སློབ་གྲྭ་དགེ་རྒན་བཅས་ལའང་བསྩལ་ཞིང༌། རིགས་ཆ་རྩ་རྒྱུད་སྡོམ་གསུམ་རྣམ་གསུམ་རྣམ་གཉིས་བཅས་ཀྱི་ཚོགས་དབུ་དང༌། ཆོས་ལྷུན་མཁན་གསར་ལ་མངའ་གསོལ་སྦྱངས་ཁྲུས། འཇམ་