R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༨༢
[A:༢༨༢]ལེགས་བྱས་ངོ་མཚར་རྒྱ་མཚོ་ཡིན་འདུག བླ་སློབ་སྦྱིན་བདག་ཀུན་ལ་རྗེས་སུ་ཡིད་རང་ཞིང༌། གོང་མ་བདག་པོ་ཆེན་པོ། སྐྱབས་མགོན་རྒྱལ་བ་ཡབ་སྲས་ཀྱི་མཚན་དོན་ལ་ཕན་ངེས་ཀྱི་བྱ་བ་ཡིན་འདུག་པས་དགའ་སྤྲོ་རྒྱ་ཆེར་མཛོད། ཅེས་གསུང་གིས་དབུགས་དབྱུང་བར་མཛད་དོ། །སྨིན་ཟླའི་ཉེར་ལྔ་ལྷ་ཆེན་གསེར་ཁྲི་རིན་པོ་ཆེ་གསར་བསྐྲུན་གྱི་ཞལ་གྲོ་མགོ་ཟླའི་ཚེས་བཞིར་ཡིན་ཚུལ་གྱི་བརྡ་འགྲེམས་མཛད་རྒྱུའི་སྔ་དྲོ། རྒྱལ་ཚབ་མཆོག་ནས་བསམ་ཡས་སྐུ་རྟེན་པ་ཕྲལ་རྫོང་གནང་བའི་སྔ་དྲོན་གྱི་གསུང་ཤོག དངུལ་གྱི་མཎྜལ། ས་སྙིང་སྲང༌། ལྷ་གོས་སོགས་གསེར་ཁྲི་རིན་པོ་ཆེར་དགེ་བའི་ལ་ཉེ་གསུམ་པར་འཁུམས། མགོ་ཟླའི་ཚེས་བཞིའི་ཤར་མདའ་བཏང་ཙམ་ལ་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་བསྐྱེད་འཕྲིན་ལས་ཀྱིས། གཅིག་ཏུ་ལྷ་ཆེན་སྤྲུལ་པའི་གནྡྷོ་ལ་ཆེན་པོ་མཛེས་པའི་རྒྱན་གཅིག་གསེར་ཁྲི་རིན་པོ་ཆེ་གསར་བཀོད་སྒྲིག་རྒྱུའི་དོ་དམ་དུ་མཛོད་འཛིན་པར་བཀས་མངགས་པ་བཞིན་ལེགས་པར་བསྒྲིགས་འཕྲལ། དུང་མཁན་གྱིས་ཆོས་དུང་རིན་པོ་ཆེ་གསུང་བསྐུལ་དང་བསྟུན། ལྷ་ཁང་ཆེན་མོའི་གསེར་གྱི་རྒྱལ་མཚན་རྣམས་ལ་ཉི་མ་ཤར་བའི་འོད་ཟེར་འཕྲོ་བ་དང་མཉམ་དུ། གང་ན་ཐོད་དང་སྐྲ་གསར་དང༌། །གར་དང་རོལ་མོའི་སྒྲ་ཡོད་པ། །ཞེས་དགའ་སྟོན་གྱི་ངང་ཚུལ་བཟང་པོ་དང་ལྡན་པའི་ཀོང་གཞས་པ་རྣམས་ཀྱི་སྔུན་བསུས། ཨ་ལི་དཔོན་གཡོག སྤུ་ནག་བླ་གཉེར། སྟོད་ཚོང་དར་རྒྱས་སོགས་འབུལ་སྡུད་པ་རྣམས་དང༌། ཕྱེ་མར་གྱིས་བཀང་བའི་དངུལ་གཞོང་གསུམ་ཁྱེར་མི། རྒྱ་གླིང་པ། མགྲོན་གཉེར་སྤོས་