R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༢༤
[A:༣༢༤]ནམ་ཕྱེད་ཙམ་ལ་ཆིབས་བསྒྱུར་ཏེ། དགོད་ལའི་རྩེར་ལྷ་བསངས་རྒྱས་པ་སྔས་འགོར་བཞུགས། སང་ཉིན་གཡའ་མ་ལུང་གནས་གཟིགས་དང་བཅས་བསམ་ཡས་སུ་བཞུགས། ཞག་བཅུ་བདུན་རིང་། མགོན་ཁང་དང་། ལྕོག་གཉིས་སུ་རྟག་པར་གསུང་བསྐང་དང་། སྤྱི་སྒེར་ནས་མཇལ་ཕྱག་གནས་གཟིགས། འཆམ་གཟིགས། ཆོས་སྐྱོང་སྐུ་ཕེབས། བཀའ་རྩོམ། གསུང་བརྟག་ སྲོད་ཐོ་རངས་མཚན་གུང་སོགས་སུ། ཕུར་པ་དང་། བདེ་མཆོག་དབང་ཆ་དྲུག གྲྭ་གསུམ་བརྒྱ་སྐོར་ལ་རྟ་མགྲིན་ཡང་གསང་དབང་ཆེན། རྗེས་གནང་སོགས་ནི་གྲངས་ལས་འདས་ཤིང་། མཆིམས་ཕུ་གནས་གཟིགས་སྐབས་རྗེ་ཉིད་ལ་ཀླུ་འདུལ་ཕུག་ཏུ་མཚོ་རྒྱལ་གྱིས་ཞལ་གཟིགས་ཏེ། ལུང་བསྟན་ཞིག་བྱུང་གསུངས་པ་ལས། འདི་བྱུང་བཀའ་མ་གྲོལ། ལྕོག་ཏུ་ཕྱི་ནང་གསང་བའི་རྟེན་འཛུགས་ཀྱི་ཚེ་རྗེ་ཉིད་ཀྱི་འོད་གསལ་དུ་ཆོས་སྐྱོང་ཆེན་པོ་བྱོན་ནས་ཡོན་ཏན་གྱི་རྟེན་དེ་ལ་ལྷག་པར་དགྱེས་ཉམས་ཀྱིས་འདི་ཕྱེ་མར་གྱིས་བཀང་དགོས་གསུངས་པ་བཞིན་དང་། སྡིབ་ཁྲབ་ལ་བཟོ་སྐྱོར་ཡང་མཛད་པ་སོགས་གནས་དེར་བསྟན་འགྲོའི་ལེགས་སྤེལ་རྣམས་རིམ་གྲུབ་ཀྱིས། བྲག་ཁ་རྫོང་བདུན། བཞུགས་སྒར་དུ་བཅོ་བརྒྱད། སྐུ་མཆེད་བསམ་ཡས་མཁན་པོ་སོགས་ལ་ལམ་དབང་། ལམ་ཟབ་ཕྱི་ནང་། བིར་སྲུང་ཕྱི་ནང་སོགས་དང་། འོན་ཁྲི་སྨོན་མགོན་ཁང་དུ་གསུང་བསྐང་དང་རབ་གནས། དེ་ནས་རྒྱལ་སྲས་རིན་པོ་ཆེས་ཆིབས་བསུས། འོན་ཆོས་སྡིངས་སུ་ཞག་བཞི་བཞུགས། རྒྱལ་སྲས་སོགས་ལ་རྣལ་འབྱོར་མའི་བྱིན་རླབས་དང་།