R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༤༣
[A:༣༤༣]དབང་བདེ་བར་གཤེགས། དེ་ནས་དྲུག་ཅུ་པའི་ཟོར་འཛིན་སྔོན་འགྲོའི་ལྗགས་བསྙེན་ཟླ་གང་མར་ཐུགས་གཞོལ་ཏེ། ཟོར་འཕེན་སོགས་ལུགས་འགྲོ་གནད་སྨིན་དུ་བཀའ་དྲིན་བསྐྱངས་ཤིང་། མགོ་ཟླའི་ནང་བས་སེ་ཕྱག་རྡོར་སྐྱབས་ཀྱི་བསྔོ་འབུལ་བ་སོག་པོ་རྣམས་ལ་ལུགས་ཟུང་བདག་རྐྱེན་ཡང་དག་དང་སྦྲགས། ལྕང་སྐྱ་རྡོ་རྗེ་འཆང་ནས་གསུང་བྲིས་རྟེན་ལྡན་གྱི་བཀའ་ལན་དུས་གསུམ་གནས་ཚུལ་ལས་འཕྲོས་པའི་བཀའ་གསང་རྨད་དུ་བྱུང་བའང་ལེགས་པར་གདམས་ཤིང་། ཟླ་མཇུག་ནས་ལྷ་མཆོག་རྡོ་རྗེ་གཞོན་ནུའི་ལྗགས་བསྙེན་ཟླ་གསུམ་མར་ཐུགས་གཞོལ་བའི་སྐབས་སོ། །རྣམ་ཐར་བསྡུས་པ་ལས། དབང་ལུང་མན་ངག་རྗེས་གནང་འཁྲིད་ཀུན་ཀྱང་། །བཀའ་བབས་ཕྱག་བཞེངས་ངོ་སྤྲོད་ལ་སོགས་པ། །མ་འདྲེས་སོ་སོར་སྤྱོད་པའི་ཤེས་རབ་ཀྱིས། །གདུལ་བྱའི་བློ་གྲོས་སྤེལ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། རྗེ་འདི་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་འཇམ་དབྱངས་མིའི་ཟོལ་ཅན་མངོན་སུམ་ཡིན་པའི་གཏན་ཚིགས་ཀྱང་ཀུན་དང་མཐུན་གྲུབ་ཏུ། འདི་ལྟ་སྟེ། ཉིན་མཚན་བར་མེད་དུ་ཆོས་འཁོར་ཇི་སྙེད་བསྐོར་བའི་ཚེའང་། གཞན་དག་ནི་ཡུན་རིང་དུ་དཔེ་སྦྱོངས་སྔོན་འགྲོའི་སྒོ་ནས་ཆོས་འཆད་ལ་འཇུག་ཀྱང་། རྗེ་འདི་ནི་གསུང་ངག་སློབ་བཤད་ཀྱིས་མཚོན་དབང་འཁྲིད་རྗེ་གནང་ཀུན་དཔེ་འདི་དང་འདི་ལྟ་བུའི་ཐོག་ནས་ཡིན་ནོ་ཞེས་འདོམས་པར་མཚོན་བྱེད་དཔེ་སྤྱན་ལམ་དུ་ཕབ་ཙམ་ལས་གཟིགས་ཡུལ་ཡེ་མི་དགོས་ཤིང་། ཕྱག་ལེན་རྣམ་དག་གི་རྒྱུན་མ་ཉམས་པ་གསུང་ལམ་ཁོ་ན་ནས་ཤར་མར་གསུང་རྒྱུན་ཕྱག་ལེན་