R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༤༥
[A:༣༤༥]ཀྱིིས་གསན་ཅིང་། ཡབ་རྗེ་པད་འདུལ་ལས། སྡེ་དགེ་ས་དབང་བླ་མ་སོགས་ཀྱིས་གསན་ཏེ་དེང་སང་གི་བར་ལ་ཁྱབ་གདལ་དུ་འཕེལ་འདུག་པས་སོ། །བཀའ་བབས་སམ་ཀ་བ་གཉིས་པ་ནི་གྲུབ་པའི་འཁོར་ལོས་བསྒྱུར་བ་ཐར་རྩེ་མཁན་ཆེན་ནམ་མཁའ་འཆི་མེད་ཉིད་ཡིན་པར་མངོན་ཏེ། དེ་ཉིད་ཀྱིས་ས་ཆེན་རྡོ་རྗེ་འཆང་ཀུན་དགའ་བློ་གྲོས་ལས་གསུང་ངག་སློབ་བཤད། གསེར་ཆོས་སྐོར་སོགས་རྒྱ་ཆེར་གསན་བསམ་མཛད་དེ། ངོར་ཨེ་ཝཾ་ཆོས་ལྡན་དུ་འཆད་ཅིང་སྤེལ་བ་ལས་ཐར་རྩེ་བྱམས་པ་ཀུན་དགའ་བསྟན་འཛིན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དཔོན་སློབ་བློ་གཏེར་དབང་པོ་སོགས་མཁས་གྲུབ་རིམ་པར་དེང་སང་གི་བར་དུ་རྒྱ་ཆེར་འཕེལ་ཏེ། སློབ་དཔོན་རིན་པོ་ཆེ་ནས་དེང་སང་གི་བར་འཆད་སྤེལ་སྤར་བཀོད་སོགས་དར་རྒྱས་མཛད་པ་ཡོངས་གྲགས་ལྟར་དང་། གཞན་ཡང་སྡེ་དགེ་ས་སྐྱོང་བླ་མ། འཇམ་མགོན་མཁྱེན་བརྩེ་སོགས་ཀྱིས་གསན་ཏོ། །ཞལ་སློབ་ཀ་བ་གསུམ་པ་ནི། གང་གི་དབུ་བླ་གནས་གསར་མཆོག་སྤྲུལ་ནམ་མཁའ་ལེགས་པ་ཉིད་ཡིན་པར་མངོན་ཏེ། འདི་ཉིད་ལ་ས་ཆེན་ཀུན་དགའ་བློ་གྲོས་ལ་གང་གི་སྐུ་གོང་མས་བཅོལ་བ་གནང་བའི་གསུང་ངག་སློབ་བཤད་གསེར་ཆོས་མཁའ་སྤྱོད་སྐོར་གསུམ། དམར་པོ་སྐོར་གསུམ་སོགས་ཟབ་ཆོས་ཕལ་ཆེར་གསན་བསམ་བསྒོམ་གསུམ་མཐར་ཕྱིན་པ་མཛད་དེ། གདན་ས་བཀྲ་ཤིས་ཆོས་སྡེ་དང་། སྡེ་དགེ་སོགས་སུ་རྒྱ་ཆེར་སྤེལ་གནང་གི་དངོས་སློབ་ཀྱི་གཙོ་བོ། སྡེ་དགེ་ས་དབང་བླ་མ་བྱམས་པ་ཀུན་དགའ་སངས་རྒྱས། དཔལ་ལྡན་འཕྲིན་ལས་སོགས་དང་།