R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༦༡
[A:༣༦༡]བཅས་ཇི་བཞིན་གསུངས་པ་དང་། ཕྱག་གཉེར་གསོལ་གཟིམ་མཆོད་སོགས་གཞན་མ་རྣམས་ལའང་གནང་ཆ་གྱ་ནོམ་པ་དང་བཅས་སོ་སོར་སྔ་ཕྱི་བར་གྱི་གསུང་གླེང་ཇི་བཞིན་མཛད་དེ། དུས་གཏོར་སོགས་ལ་ཐུགས་གཞོལ་བའི་སྐབས་སོ། །དེ་དག་ཀྱང་རྣམ་ཐར་བསྡུས་པ་ལས། བསྟན་འགྲོའི་དོན་དུ་སྐུ་སྲོག་ཕངས་མེད་བཏང་། །དགྲ་འདྲེ་གདུག་རྩུབ་བྱམས་དང་སྙིང་རྗེས་བསྐྱངས། །འཁྲུལ་སྣང་ཨ་འཐས་རྫུན་གཏིབས་ཀུན་འདར་དང་། །ཀུན་བཟང་རང་དབང་ཐོབ་ལ་གསོལ་བ་འདེབས། །ཅེས་གསུངས་པ་ལྟར་རོ། །སྣྲོན་ཟླ་ཕྱི་མའི་ཚེས་གཅིག་བར་དུ་ཐུགས་དམ་ཉམས་བཞེས་རྣམས་ཆག་མེད་དང་། སྤྱི་སྒོས་ནས་ཞབས་པད་ཡུན་བརྟན་གྱི་གསོལ་འདེབས། གསུང་བྲིས། ཞལ་བཀོད་སོགས་ཀྱི་སྐབས་སུའང་གདུལ་བྱའི་བློ་སྣ་འཁྲིད་པའི་ཕྱིར་དུ། རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་ལ་སྐྱོན་མི་ཡོང་བའི་གསུང་འབའ་ཞིག་སྔ་ཕྱི་ཀུན་ཏུ་བྱོན་པ་དང་། ཁྱད་པར་གཟིམ་ཆུང་སྐོར་གྱི་རྟེན་རྣམས་སྐུ་མདུན་དུ་སྤྱན་དྲངས། རེ་རེ་ནས་ཕྱག་བཞེས་ཀྱིས་སྔོན་བྱོན་དང་རྗེ་ཉིད་ཀྱི་ཕྱག་བབས་རྣམས་སོ་སོར་ངོ་སྤྲོད་དང་། བླ་མ་གོང་མའི་རྟེན་སྒམ་རྣམས་ཀྱང་ཞལ་ཕྱེ་ནས་སོ་སོར་འདི་དང་འདི་ཞེས་བྱ་བའི་ངོ་སྤྲོད་སོགས་མཛད་མུའི་སྲོད་ཐོ་རེངས་ཀྱི་ཆ་འགའ་ཞིག་གསུང་དར་དིར་གྱི་ངང་དུ། ས་སྐྱར་ཕེབས་དུས་ན་བཟའ་གཟབ་མ་དང་བཅས་ཕེབས་དགོས་གསུངས་པ་དང་། ངེད་ཀྱིས་ས་ཞུ་ཁ་གསར་གསུམ་བརྩེགས་སུ་བཞེས་ཡོད་གསུངས་པ་དང་། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཞེས་ཡང་ཡང་གསུངས་པ་དང་། རྗེ་བཙུན་རིན་པོ་ཆེ་གྲགས་པ་