R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༦༢
[A:༣༦༢]རྒྱལ་མཚན་བྱོན་ནས་དབང་སྐུར་ཀྱིན་འདུག་གསུང་མུར་ཐུགས་ཟག་མེད་ཀྱི་བདེ་བར་འབྱམས་པ་སོགས་ནི་དངོས་སུ་མཐོང་ཐོས་སུ་གྱུར་ལགས། ཚེས་གཅིག་གི་ཉིན་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་དབུ་བླ་རྣམས་ལ་མཆོད་བཤམ་རྒྱས་པ་དང་། དབུ་སྔས་ཀྱི་གསོལ་ལྕོག་སྟེང་དུ་ཡབ་རྗེ་རྡོ་རྗེ་འཆང་བསོད་ནམསརིན་ཆེན་གྱི་བྱིན་རྟེན་འགའ་ཞིག་དང་། ཁྱད་འཕགས་ནས་མ་སྐྱེས་དགྲའི་གདུང་སྐལ་སངས་རྒྱས་ཀྱིས་འཕེལ་གདུང་སོགས་སྤྱན་འདྲེན་མཛད། ཚེས་གཉིས་ཀྱི་ཐོ་རེངས་ཀྱི་ཆར་སྔར་མུ་བཞིན་བཞེས་ཐུག་ཞུས་པ་ཡང་གསོལ་བར་མ་གནང་ནས། འོ་ད་ཐུགས་དམ་ལམ་དུས་ཀྱི་ཉམས་བཞེས་ལ་འཇུག་གོ་གསུངས་ནས། ལམ་དུས་རྒྱས་པ་གནང་སྟེ་མི་བསྐྱོད་པ་ཆུ་དབང་གི་སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཅེས་ཡང་ཡང་བསྐྱར་ཟློས་ཀྱི་ཚུལ་དུ་ཐུགས་བདེ་ཉམས་དང་བཅས་གསུང་མུར། རྒྱུན་རིང་འདས་རྗེས་རྗེ་བཙུན་གོང་མའི་བྱིན་ཕྱེ་དང་། སངས་རྒྱས་འཕེལ་གདུང་སོགས་བཞེས་ཏེ། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བ་དང་། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་བསྐུལ་བའི་ཕྱིར། ཉི་དྲོའི་དུས་སུ་གཟུགས་སྐུ་འོད་གསལ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པའི་མོད་ཉིད་ལ། ནམ་མཁའ་གཡའ་དག་པའི་ཁྲོད་དུ་འཇའ་དཀར་པོ་མེ་ཏོག་རྒྱས་པའི་དབྱིབས་ཅན་དང་། མེ་ཏོག་གི་ཆར་མང་པོ་རྒྱུན་རིང་བར་བབས་ཤིང་། ཐུགས་དམ་ཟབ་མོའི་ཉམས་བཞེས་གསལ་འདེབས་སོགས་མཛད་སྒོ་རྣམས་ཀྱང་ཇི་བཞིན་འཇམ་མགོན་གོང་མ་མཆོག་གི་བཀའ་འདོམས་ཀྱིས་མཛད་ནས། ཡར་