R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༦༦
[A:༣༦༦]ཐོག་རྒྱུན་འཛུགས་སོགས་དགོངས་པ་རྫོགས་ཐབས་མཐའ་ཡས་པ་དང། མ་འོངས་པའི་གདུང་རྒྱུད་རྣམས་སྐུ་ཚེ་སྲིད་མཐར་བརྟན་པ་དང། མཛད་འཕྲིན་ཕྱིར་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་བཞེད་བཞིན། ལྷ་ཆེན་སྤྲུལ་པའི་ཁྱམས་སྟོད་ཀྱི་གསེར་ཁྲི་ཆེན་མོའི་རྒྱབ་ཀྱི་རྒྱལ་བ་ཚེ་མཐའ་ཡས་པའི་སྣང་བརྙན་རྒྱ་དངུལ་རྡོ་ཚད་བརྒྱ་རྩར་ཉེར་བ་ལས་གྲུབ་པ་ངོ་མཚར་ཅན་གཟུངས་དང་ཕྲ་རྒྱན་སོགས། དེ་དུས་ཟིན་བྲིས་བཞིན་དང་བཅས། རབ་ཏུ་གནས་པའི་མེ་ཏོག་གི་ཆར་གྱི་བྱིན་མཐུ་ཅན་དུ་འགྲུབ་པ་འདི་སོགས། འཇམ་མགོན་དབང་གི་མཚན་ཅན་སྐུ་མཆེད་དང་། འཕྲིན་ལས་ཀྱིས་ཁ་ལོ་བསྒྱུར་བ་པོ་མཛོད་པ་གྲྭ་ཚང་པ་ཀུན་དགའ་ཕུན་ཚོགས་ལ་སོགས་པ་ནས་ཡང་དག་པར་འབད་མེད་ལྷུན་གྲུབ་ཀྱི་དགེ་མཚན་ལ་བརྟེན་རྒྱལ་བསྟན་སྤྱི་དང་བྱེ་བྲག་བརྩེ་ཆེན་སྙིང་པོའི་ལུང་རྟོགས་ཀྱི་བསྟན་པ་ཡར་ཟླ་ལྟར་འཕེལ་ཞིང་། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བདེ་ལྡན་མགོོན་པོའི་རང་བཞིན་དུ་གྲུབ་སྟེ་འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་དགའ་སྟོན་ལ་ལོངས་སྤྱོད་པར་འགྱུར་རོ། །འདིར་སྨྲས་པ། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་མཐུ་ཀུན། །གཅིག་བསྡུས་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ། །ས་ཆེན་རྡོ་རྗེ་འཆང་དངོས་ཀུན་བླ་ཞེས། །དུས་ཕྱིས་ས་བསྟན་སྐྱོང་ལ་ཁྱེད་འདྲ་བའི། །འགྲོ་མགོན་མ་མཆིས་ཡོད་ན་དེ་ཉིད་གང་། །གང་སྐུ་ཞི་དུལ་ལྷུན་ལྟར་བརྗིད་ཆགས་ཤིང་། །གང་གསུང་མདོ་རྒྱུད་རྒྱ་མཚོའི་མགྲིན་སྙན་ཅན། །གང་ཐུགས་ཟབ་ཅིང་བརླིང་ལ་རྟོགས་དཀའ་བ། །དེ་དག་ཚུར་མཐོང་རྣམས་ཀྱི་སྣང་ངོ་སྟེ། །དོན་