R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༢
[A:༣༢]དགའ་སྟོན་ཆེན་མོའི་ཐོག་རྗེ་རྡོ་རྗེ་འཛིན་ཉིད་ལ་ཡབ་སྲས་ཟུང་གིས་མཚོན་གཞིས་བྱེས་སེར་སྐྱ་དྲག་ཞན་རྣམས་ནས་ལེགས་སོའི་སྒོ་བརྒྱ་རྣམ་པར་དབྱེ་བའི་སྐབས་སོ། ། དེ་ལྟ་བུའི་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་ནས་གངས་རིའི་ལྗོངས་འདིར་བསྟན་པ་རིན་པོ་ཆེར་གསོལ་སྨན་དུ་གྱུར་པའི་བྱ་བ་ཇི་ལྟར་མཛད་པའི་ཚུལ་ལ། ཐོས་རྩོམ་གཉིས་རྟོགས་སླ་བའི་ཕྱིར་ཕྱོགས་སྡོམ་དུ་བཤད་པ་དང༌། བསམ་བསྒོམ་འཆད་རྩོད་ཀྱིས་མཚོན་ལུགས་བརྒྱའི་མཛད་ཕྲིན་ཀུན་གསལ་གྱི་གྲུ་ལྟར་ཡངས་ཤིང་རྒྱ་ཆེ་བའི་ནང་ནས་ཆ་ཤས་ཙམ་སྟོན་པ་དང་གཉིས་ལས། དང་པོ་ནི་རྣམ་ཐར་བསྡུས་པ་ལས། ཡོངས་འཛིན་བཅུ་ཕྲག་བཞི་ཉེར་གསན་མཐར་ཕྱིན། །བསམ་བྱུང་རིག་པའི་རང་རྩལ་ཐོལ་བྱུང་བརྡོལ། །བསྒོམ་སྒྲུབ་ཉིན་ཞག་ཕྲུགས་དགུར་ཉེར་བདུན་ཙམ། །བསྟན་པའི་བྱ་བར་གཞོལ་ལ་གསོལ་བ་འདེབས། །ཅེས་གསུངས་པ་ལྟར། དབང་ལུང་མན་ངག་སོགས་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་གྱུར་པའི་ཚུལ་ནི་འདི་ལྟ་སྟེ། རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཞལ་སྒོ་ལས་བྱོན་པའི་གདུང་རབས་གདན་རབས་ཀྱི་ལོ་རྒྱུས་ལས། ཡབ་རྗེ་རྡོ་རྗེ་འཆང་དང་ཐར་རྩེ་རྗེ། །གནས་གསར་རྗེ་དང་བྲག་རྩ་རྗེ་བཙུན་དྲུང༌། །གཞི་དགོན་རབ་བརྟན་བཟང་དང་རྟ་ནག་མཁན། །ཚུལ་ཁྲིམས་བཟང་དང་ངོར་ཆེན་བསོད་ནམས་བཟང༌། །སངས་རྒྱས་ཡེ་ཤེས་དཔལ་ལྡན་ཆོས་སྐྱོང་ཞབས། །གོང་དཀར་བསོད་ནམས་བློ་གྲོས་རྣམ་མཁྱེན་གྲོང༌། །ཆོས་དབང་རྒྱ་མཚོ་ཆུ་རི་བཀྲ་ཤིས་དོན། །ཀུན་དགའ་