R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༨༨
[A:༣༨༨]བརྒྱད་ཉིན་རབ་གནས་མཛད་རྗེས་སྐུ་ཡོན་ཁང་དུ་ཐུགས་གཉེར་དབུ་ཚུགས་ཐོག་ཞལ་དྲོའི་རྟེན་འབྱུང་རྫས་ཀྱིས་ཐོག་དྲངས། འཇམ་མགོན་གཞོན་ནུ་རྣམ་གཉིས། སྐུ་ཡོན་པ་བཅས་ལ་ཞལ་དྲོའི་བཀྲ་ཤིས་པའི་མགུལ་དར་སོགས་བསྩལ་ཏེ་ཡབ་རྗེ་རྡོ་རྗེ་འཆང་ཉིད་སྒོ་རུམ་དུ་ཕེབས་ཏེ། ལྷ་བསངས། གུར་ལྕམ་དྲལ་ལ་གཏོར་བསྔོ་བརྒྱ་ཚར། བསྐང་གསོ་འཕྲིན་འཆོལ། ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་དར་བའི་འདོད་གསོལ་སྨིན་གྲུབ་རྣམས། སྐུ་ཡོན་ཁང་དུ་སྐྱབས་སེམས་བླ་མ་ཡི་དམ་གྱི་སྐུ་བསྟོད་སྔོན་འགྲོའི་སྡོམ་གསུམ་རབ་དབྱེ། རྩ་འདོན། བསྔོ་སྨོན་ཤིས་བརྗོད་སོགས་ཞལ་དྲོའི་ཆེད་དུ་ཐུགས་བསྐྱེད་ཀུན་བཟང་སྨོན་ལམ་གྱི་རྗེས་འགྲོ་མཛད་པ་དང་། དགུང་གྲངས་དགུར་ཕེབས་པ་ལྕགས་ཡོས་ལོར་ལྗོངས་འདིར་རྡོ་རྗེ་ཚེར་མའི་ནད་རིམས་མཐོ་བ་གཞུང་སའི་བཀའ་འབྲེལ་ཡབ་རྗེ་མཆོག་ནས་ལོ་ཕྱི་ནང་དུ་ལོ་གྱོན་མའི་ནད་རིམས་ཞི་ཆོག ཆ་གསུམ་སོགས་གཏོར་མའི་རིགས། ཁྱད་པར་ལྷ་མོ་རྗེ་ཁོལ་གྱི་མདོས་སོགས་མཛད་པས་ཉམས་ཉེས་ཆེ་བར་མ་གྱུར། དགུང་གྲངས་བཅུ་ཕྲག་གཅིག་ཏུ་ཕེབས་པར་ཇི་སྐད་དུ། རྣམ་ཐར་ཚིགས་བཅད་གོང་འཕྲོས་ལས། ལོ་བཅུ་པ་ལ་རྩ་རྒྱུད་བརྟག་གཉིས་རྒྱུགས། །དེ་ནས་བཟུང་སྟེ་བཅུ་དྲུག་མ་ལོན་པར། །ཡབ་ཡུམ་གནས་སློབ་རྣམས་ཀྱི་ཐུགས་རྗེ་ལས། །ཕུར་སྒྲུབ་ལ་སོགས་སྒྲུབ་མཆོད་ཐམས་ཅད་དང་། །དབྱར་དགུན་ཆོས་ཐོག་བཀའ་བཞི་རྣམ་འགྲེལ་སོགས། །བཤད་གྲྭ་སྐོར་གྱི་རྒྱུགས་སྤྲོད་མང་སྤྲད་ནས། །ཆོས་ཐོག་རྣམས་ལ་བཤད་པ་མང་དུ་རྒྱབ། །གཞན་