[A:༣༩༧]ཡང་གདན་ས་ཆེན་པོ་འདི་ཉིད་ན་བཞུགས་པའི་བདེ་ཀྱཻ་གསང་གསུམ་བདག་མེད་མ་ཀུན་རིག་ནཱ་རོ་མཁའ་སྤྱོད་ཆོས་སྤྱོད་བསྐང་བའི་རིང་གཏོར་བཟློག་ཁག་དང་བཅས་པའི་ཆོ་ག་གདངས་དབྱངས་ཕྱག་རྒྱ་བཅའ་ཚུལ་སོགས་ཕྱག་ལེན་ཕྲ་མོ་ཚུན་ཆད་ཐུགས་ལ་བཟུང་སྟེ་ཆུབ་པར་མཛད་ནས། ཚོགས་ཕེབས་རྟག་པར་གནང་བ་དང་དེ་ལོ་ཡབ་རྗེ་མཆོག་ནས་གདུང་སྲས་རྣམ་གཉིས་ལ་དཔལ་ཆེན་བཛྲ་ཀི་ལ་ཡ་ཡི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་སྨིན་པར་མཛད་ནས། ཡབ་སྲས་རྣམ་གསུམ་ཞལ་རྒྱས་ནས་ཕུར་བསྙེན་བདུན་གཅིག་སྦྱིན་སྲེག་བཅས་ཀྱང་གནང་། དེ་ནས་ཡབ་རྗེ་མཆོག་ནས་ས་ཚོགས་ཆོས་ཁྲིད་དར་ཆེན་སོགས་རབ་གནས་རྒྱས་པར་མཛད་ཚུལ་རྣམས་གོང་ཡབ་རྗེའི་རྣམ་ཐར་བཞིན་དང་། དགུང་གྲངས་བཅོ་ལྔར་ཕེབས་ཐོག་རྣམ་ཐར་ཞལ་གསུང་མ་ལས། བཅོ་ལྔ་པ་ལ་ཁྲི་ཐོག་བསྡད་ནས་སུ། །བསྟན་བཅོས་ཐུབ་པ་དགོངས་གསལ་ཡོང་ངེས་བསྐྱོར། །ཡབ་རྗེ་དགོངས་པ་དགྱེས་ནས་ཆེ་བརྗོད་མཛད། །ཅེས་གསུངས་པ་ལྟར། དེ་ནས་ས་སྐྱ་པའི་གདུང་རྒྱུད་རིན་པོ་ཆེ་རྣམས་ཁྲི་འདོན་གནང་སྐབས་དུས་ཕྱིས་རིམ་བཞིན་ཇེ་རྒྱས་སུ་སོང་གྲས། དུས་མདོས་གཟབ་མ་རྒྱལ་ཟླར་འགྱངས་པའི་ཚེས་འགོར་གཏོར་སྤོད་དང་སྦྲགས། སྒོ་རུམ། ནང་སོ་བདུད་འདུལ་ཕུག སྐྱེས་ལྷས། བསམ་བརླིང་རྣམས་སུ་རུ་མཚོན་གསར་པ་བཞེངས་རེ་དང་། བདུད་འདུལ་ཕུག་མིན་པའི་མགོན་ཁང་བཞི་ལ་ལྷ་མདུང་གསར་པ་རེ་འབུལ་བ་བཅས། དུས་མདོས་འཕྲིན་འཆོལ་དང་ཆབས་ཅིག་ཐུག་ཆོག་རེ་མཛད་པ་འཇམ་མགོན་བསོད་ནམས་